༄༅། །འགྲོ་མགོན་ཞབས་དཀར་ཚོགས་དྲུག་རང་གྲོལ་ལ་ཐུགས་སྲས་གྲུབ་དབང་སྦྱིན་པ་ནོར་བུས་ཕུལ་བའི་འཕྲིན་ཡིག་ཅིག

༄༅། །དུས་གསུམ་གྱི་སངས་རྒྱས་སྤྲུལ་བའི་སྐུ། །འཁོར་འདས་ཀྱི་དཔལ་མགོན་ཞབས་དཀར་པ། །མཁྱེན་བརྩེ་བའི་ལུང་རྟོགས་མངའ་བདག་ལ། །གསོལ་འདེབས་ཀྱི་ང་རོ་འདི་སྐད་སྒྲོགས། །ཁྲི་གདུགས་ཀྱི་ཉི་འོད་ཤར་བའི་འོག །ཤར་ཕྱོགས་ཀྱི་མདོ་སྨད་ས་ཆ་ན། །དབེན་པ་དང་གྲོང་དགོན་ངེས་མེད་ན། །འདི་ཕྱི་ཡི་སྐྱབས་མགོན་ཐུགས་རྗེའི་གཏེར། །སངས་རྒྱས་ཀྱི་མི་གཟུགས་དེ་ཀོ་བཞུགས། །མཚན་སྙན་གྱི་ཞབས་དཀར་རྡོ་རྗེ་འཆང་། །གུས་ལྡན་གྱི་བུ་ལ་ཡུད་ཙམ་དགོངས། །གངས་ཅན་གྱི་སྤྲང་འཁྱམ་སྦྱིན་པ་བདག །འབྱུང་འདུས་ཀྱི་ཕུང་པོ་རིམ་གྱིས་རྒས། །ལམ་སྟོན་གྱི་ཆོས་རྗེ་སྙིང་ནས་དྲན། །ཉིན་མཚན་དུ་ཁྱོད་མིན་བསམ་དྲན་བྲལ། །མཛེས་སྐུ་དང་བྲལ་ནས་ཡུན་རིང་ཐལ། །ཡི་མུག་ལ་སངས་པའི་དུས་སྐབས་མེད། །ཐུགས་རྗེ་རེ་ཆུང་བསམ་རིན་པོ་ཆེའི། །གསེར་ཞལ་གྱི་སྣང་བརྙན་མི་སྟོན་ནམ། །སྡུག་བསྔལ་འདི་སངས་པར་མི་མཛད་དམ། །བོད་སྟོད་ཀྱི་སྤྲང་འཁྱམ་སྦྱིན་པ་བདག །སྔོན་སྨོན་ལམ་དག་པས་མཚམས་སྦྱར་ནས། །གནས་ཡོངས་གྲགས་གངས་དཀར་ཏི་སེ་རུ། །རྗེ་སངས་རྒྱས་ཁྱེད་དྲུང་བསྙེགས་པའི་དུས། །སྐུ་གཟི་བརྗིད་འོད་འབར་ལྷང་ངེར་མཇལ། །ཞལ་མཐོང་བ་ཙམ་གྱིས་སྣང་བ་འགྱུར། །ཆོས་བརྒྱད་ཁྲི་བཞི་སྟོང་ལེགས་འདོམས་པའི། །གསུང་ཐོས་པ་ཙམ་གྱིས་ངེས་ཤེས་སྐྱེས། །དབྱིངས་འོད་གསལ་མཁའ་ལྟར་ཀློང་ཡངས་པའི། །ཐུགས་དྲན་པ་ཙམ་གྱིས་བྱིན་རླབས་འཇུག །ཕ་རྗེ་བཙུན་ཐུགས་རྗེ་ལྕགས་ཀྱུ་དེ། །བུ་སྐལ་ལྡན་བདག་གི་སྙིང་ལ་ཟུག །ལས་ཉོན་མོངས་རྦ་རླབས་འཁྲུགས་པ་ཡི། །གནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་ལས། །དུས་ད་རེས་ཕྱི་ཕྱག་འཚལ་ནས་ཀྱང་། །ལམ་བྱང་ཆུབ་སྐམ་སར་ཕྱིན་པ་འདི། །ཕ་སངས་རྒྱས་ཁྱེད་ཀྱི་བཀའ་དྲིན་ཡིན། །དོན་དེ་ཕྱིར་རྒྱལ་བ་སྤྲུལ་བའི་སྐུ། །ཁྱེད་བཀའ་དྲིན་མི་ཆུང་ཆེ་བར་འཁུམས། །སྤྲང་བཀའ་དྲིན་དྲན་པ་སྦྱིན་པའི་མིང་། །དྲིན་འཇལ་བློའི་ནུས་པ་ཆེར་མེད་ཀྱང་། །རྗེ་ཁྱེད་ཀྱི་དྲི་མེད་རྣམ་ཐར་ལྟར། །བསྟན་འགྲོ་བ་ཡོངས་ལ་གང་ཕན་དང་། །རྗེ་ཆོས་སྐུར་མཐོང་བའི་མོས་གུས་ལ། །དུས་ནམ་ཡང་རྒྱུན་ཆད་ཡོད་རེ་ཀན། །གཏམ་རིན་པོ་ཆེ་ཡི་ཕྲེང་བ་འདི། །ཕ་བླ་མ་དགྱེས་པའི་མཆོད་སྤྲིན་མཛོད། །གླུ་འདི་ཀོ་སྐུ་དྲིན་དྲན་པའི་གླུ། །དབྱངས་རོལ་མོར་འབུལ་ལོ་སྐྱབས་ཀྱི་མཆོག །ད་ཞུ་བ་དོན་གྱི་སྙིང་པོ་ལ། །རྗེ་ཐུགས་རྗེའི་བདག་ཉིད་ཡུད་ཙམ་དགོངས། །སེམས་སྐྱོ་བའི་སྨྲེ་སྔགས་འདི་ལ་དགོངས། །ས་དབུས་གཙང་དག་པའི་ཞིང་ཁམས་འདིར། །རྗེ་ཁྱེད་ཀྱི་ཐུགས་རྗེ་སྨོན་ལམ་མཐུས། །བདག་སྐལ་ལྡན་གདུལ་བྱ་སྤྲིན་ལྟར་འཐིབས། །ལོ་འགའ་ཙམ་རྗེས་སུ་བཟུང་མོད་ཀྱང་། །དེ་ཡུད་ཙམ་རྨི་ལམ་སྒྱུ་མ་དངོས། །དུས་དེ་ནས་མདོ་སྨད་ཕྱོགས་སུ་ཕེབས། །མི་བདག་དང་སློབ་འབངས་ཐམས་ཅད་ལ། །མི་རེ་རེ་སྙིང་རེ་ཐོན་འདྲ་བའི། །སེམས་སྡུག་བསྔལ་དུཿཁའི་ཁུང་བུར་ཚུད། །དུས་དེ་དུས་འོན་ཀྱང་ཞལ་བཞེས་བཟང་། །ཁྱེད་བུ་སློབ་མ་སྡུག་ང་ཉིད་ནི། །ལོ་བདུན་ནས་བསླེབ་ཅེས་ཞལ་བཞེས་མཛད། །གསུང་དེ་ཀོ་བྱིས་པའི་མགོ་སྐོར་དངོས། །ལོ་བདུན་པོ་ལོ་ངོ་བཅུ་བཞིར་སོང་། །མི་རྒས་པོ་ནད་དང་ཁུར་གྱིས་ནོན། །རྗེ་བླ་མས་འདི་འདྲའི་མཛད་པ་བསྟན། །ཕ་བླ་མ་དྲན་ནས་བཟོད་གླགས་མེད། །འདི་ཕོད་པར་འདུག་གམ་བཀའ་དྲིན་ཅན། །ཁོང་བར་སྣང་འཇའ་ཚོན་མཐོང་བའི་ཚེ། །རྗེ་བླ་མའི་མཛེས་སྐུ་ཡིད་ལ་དྲན། །སྐུ་མཐོང་བ་དོན་ལྡན་རིན་པོ་ཆེ། །མཚན་དཔེ་ཡི་དཀྱིལ་འཁོར་བསྟན་དུ་གསོལ། །དགུང་གཡུ་འབྲུག་སྒྲ་སྐད་ཐོས་པའི་ཚེ། །རྗེ་བླ་མའི་གསུང་སྙན་ཡིད་ལ་ཤར། །གསུང་ཚངས་དབྱངས་ཀྱི་མདོ་སྔགས་ཆོས་ཀྱི་ཆར། །ད་མྱུར་བར་དུ་ཕོབ་མཛོད་བདག་ཅག་ལ། །དགུང་སྤྲིན་བྲལ་ནམ་མཁའ་མཐོང་བའི་ཚེ། །རྗེ་བླ་མ་ཡི་ཐུགས་དགོངས་ཡིད་ལ་ཤར། །དབྱིངས་མཁའ་ཀློང་ལ་འདི་ཡིན་མ་མཆིས་ཀྱང་། །གནས་སྐབས་ཀྱི་ཐུགས་འདུན་བོད་ལ་གཏོད། །འོད་གསལ་གྱི་ཉི་མ་ཤར་བའི་ཚེ། །རྗེ་བླ་མའི་ཐུགས་རྗེ་ཡིད་ལ་ཤར། །ད་ཐུགས་རྗེ་ཡི་དཔྱང་ཐག་མ་ཆད་ན། །སྙིང་རྗེ་ཡི་འོད་ཟེར་བོད་ལ་སྐྱེད། །དགུང་སྔོན་ལ་སྐར་ཚོགས་བཀྲ་བའི་ཚེ། །རྗེ་བླ་མའི་མཁྱེན་བརྩེ་ཡིད་ལ་ཤར། །བརྩེ་བ་ལ་ཕྱོགས་རིས་མ་མཆིས་ན། །བདག་ཅག་གི་མྱ་ངན་བསལ་དུ་གསོལ། །བརྡ་ཅི་འདྲ་མཐོང་ཡང་བླ་མ་དྲན། །ཞལ་མཇལ་འདོད་ཁོང་ནས་མེ་ལྟར་འབར། །བདག་ཅག་ལ་ཐུགས་རྗེས་མི་གཟིགས་སམ། །དབུས་གཙང་འདིར་ཆིབས་ཁ་མྱུར་དུ་སྒྱུར། །མདོ་སྨད་འདིར་ཁོ་བོ་ཡོང་ནས་ཀྱང་། །རྗེ་བླ་མ་གདན་འདྲེན་ཞུ་འདོད་ཀྱང་། །ལོ་མང་གི་ཁུར་གྱིས་བན་རྒན་ནོན། །ནག་པོ་ཡི་སྐྲ་ལོ་དཀར་པོར་སོང་། །ཁ་ནང་གི་སོ་དཀར་རྗེས་མེད་སོང་། །དཔྲལ་བ་ལ་གཉེར་མའི་བང་རིམ་ཆགས། །མདའ་མོ་ལས་དྲང་པའི་ལུས་པོ་སྒུར། །འབྱུང་འདུས་ཀྱི་ལང་ཚོ་དེ་ལྟར་རྒུད། །ལྷག་པར་དུ་མདོ་སྨད་ས་ཐག་རིང་། །བན་རྒན་བདག་ཡོང་བའི་རེ་བ་བྲལ། ། སངས་རྒྱས་ཀྱི་རྣམ་སྤྲུལ་རྗེ་ཁྱེད་ནི། །མཛེས་སྐུ་ནི་རྡོ་རྗེའི་རང་བཞིན་ཅན། །བགྲེས་རྒུད་ཀྱི་མཛད་པ་མ་བསྟན་པ། །བདག་ཅག་གི་བསོད་ནམས་བགོ་སྐལ་ལགས། །དེ་ཕྱིར་དུ་སྐྱབས་མགོན་ཐུགས་རྗེའི་གཏེར། །ཐུགས་རྗེ་ཡི་བརྩེ་བ་རྒྱ་སྐྱེད་ལ། །བོད་ཁམས་འདིར་མྱུར་དུ་ཆིབས་ཁ་སྒྱུར། །བདག་ཅག་གིས་རྗེ་ཡི་བཀའ་བཞིན་བསྒྲུབ། །འདོད་དགུ་ཡི་ནོར་ལ་ཁྱེད་དགྱེས་ན། །སྟོང་འབུལ་དང་ཁྲི་འབུལ་མ་མཆིས་ཀྱང་། །གང་ཡོད་རྣམས་སྤོང་ཐག་རྗེ་ལ་བྱེད། །མཆོད་སྦྱིན་གྱི་རྣམ་དཀར་རྒྱ་ཆེར་མཛོད། །འདག་སྦྱར་དང་སྒྲུབ་པར་ཁྱེད་དགྱེས་ན། ། ཚེ་མཇུག་འདིར་སྒྲུབ་པའི་དམ་བཅའ་འབུལ། །ཉམས་རྟོགས་ནི་བརྒྱ་འབུལ་སྟོང་འབུལ་བྱེད། །སྒྲུབ་རྒྱུད་ཀྱི་བསྟན་པ་སྤེལ་བར་མཛོད། །དཀོན་མཆོག་ལ་མཆོད་པ་འབུལ་སྤྲོ་ན། །དབུས་གཙང་འདིར་ནང་རྟེན་བསམ་མི་ཁྱབ། །དགེ་འདུན་ལ་བསྙེན་བཀུར་ཞུ་འདོད་ན། །རིས་མེད་ཀྱི་དགེ་འདུན་སྐར་ཚོགས་ཙམ། །ངན་སློང་ལ་སྦྱིན་པ་གཏོང་སྤྲོ་ན། །ས་སྟེང་འདི་ཉམ་ཐག་སྤྲང་པོས་ཁྱབ། །རྩེ་གཅིག་ཏུ་སྒྲུབ་ལ་གཞོལ་འདོད་ན། །བྱིན་ཅན་གྱི་སྒྲུབ་གནས་གྲངས་ལས་འདས། །རྗེ་ཁྱེད་ཀྱི་དགྱེས་པའི་ལེགས་ཚོགས་ཀུན། །དག་ཞིང་འདིར་ཡོད་དོ་མྱུར་དུ་སྤྱོན། །དོན་དེ་ཚོ་བདག་གིས་མ་ཞུས་ཀྱང་། །རྗེ་ཁྱེད་ཀྱི་ཐུགས་ན་གསལ་ལེར་མཁྱེན། །བདག་རྒས་བུའི་གཙོ་བྱས་དབུས་གཙང་གི། །གྲྭ་སློབ་འབངས་ཡོན་བདག་ཐམས་ཅད་ལ། །དུས་ད་རེ་ཐུགས་རྗེ་མ་འདོར་བར། །ཞལ་མྱུར་དུ་དབུས་གཙང་ཕྱོགས་སུ་སྒྱུར། །དུས་དང་པོའི་ཞལ་བཞེས་བཟང་པོ་དེ། །དེ་རྙེད་ཐབས་མེད་དོ་རིན་པོ་ཆེ། །དོན་དེ་ཕྱིར་སྦྱིན་པ་ནོར་བུ་བདག །བདག་གཅིག་པུའི་རང་འདོད་མ་ཡིན་པར། །དད་དམ་ཚིག་ལྡན་པའི་མཆེད་རྣམས་དང་། །ཁོང་ཡོན་བདག་ཀུན་ཀྱང་དད་པའི་ཕྱིར། །ཚིག་སྡེབ་སྦྱོར་སྤྲོས་པ་མེད་མོད་ཀྱང་། །སེམས་གང་ཤར་ཤོག་བུའི་ལོགས་ལ་བཀོད། །མི་བདག་ཀྱང་བསམ་པའི་འཁྱེར་སོ་ལ། །རྗེ་ཁྱེད་ཉིད་དབུས་སུ་ཕེབས་བསམ་ནས། །གནས་གངས་རིའི་ཕྱོགས་ནས་དབུས་གཙང་འདིར། །བདག་ཡོང་ནས་ལོ་ངོ་ལྔ་ཙམ་སོང་། །རྗེ་བླ་མ་མ་ཕེབས་སྡུག་རེ་བསྔལ། །སེམས་ཉོན་མོངས་དུཿཁས་ནོན་པའི་དུས། །གསུང་དྲི་མེད་འབྱོར་བས་དགའ་གཏེར་བརྡོལ། །དུས་ད་ལོ་འབྲས་མོ་ལྗོངས་ལ་འགྲོ། །རྗེ་བླ་མ་བོད་འདིར་མ་སླེབས་པར། །སྟོད་གངས་རིར་འགྲོ་འདོད་ཡིད་ན་མེད། །རྗེ་བླ་མ་གསང་ཐབས་གདན་ཞུའི་ཕྱིར། །ཁོང་བང་ཆེན་འདི་ཚོ་ཆེད་མངགས་བཏང་། །དོན་འབྲས་བུ་སྨིན་པར་མ་མཛད་ན། །བདག་སློབ་འབངས་ཐམས་ཅད་བསད་དང་འདྲ། །ཚིག་འདི་ཀོ་དོ་གལ་ཆེ་བས་ཞུས། །རྗེ་དབུས་གཙང་ཕྱོགས་ལ་ཕེབས་པ་ལ། །གདོང་ཕེབས་སུ་སྣ་ལེན་ང་རང་ཡོང་། །ཁོང་བང་ཆེན་ཡར་ལ་མྱུར་དུ་ཐོངས། །གསུང་སྙན་པའི་ལེགས་བཤད་ཁོང་ཚོར་སྐུར། །བཀའ་ཇི་བཞིན་མ་བསྒྲུབས་བདག་རེ་ངན། །རྗེ་དབུས་སུ་མ་སླེབས་ཁྲེལ་རེ་ཆུང་། །མི་རྒས་པོ་རྒན་འཆལ་ལངས་པ་དང་། །རྗེ་བླ་མ་དྲན་པའི་སྡུག་ཡུས་ཀྱི། །ཚིག་འགྲིག་མིན་སྣ་ཟིན་སྤུ་ཟིན་བྱས། །རང་ངལ་མེད་ཡི་གེར་བཀོད་ནས་ཕུལ། །གཏམ་འདི་ལ་རྗེ་ཡིས་མ་གསན་ནས། །དུས་ད་དུང་མདོ་སྨད་དེར་བཞུགས་ན། །རྗེ་ཉེ་རིང་མེད་པའི་སངས་རྒྱས་ཀྱང་། །དུས་དེང་སང་ཉེ་རིང་ཅན་དུ་གྱུར། །བདག་རྗེས་འཇུག་བོད་ཀྱི་ལས་ངན་རྣམས། །ཉ་བྱེ་ཚན་ལྟ་བུར་སྡུག་རེ་བསྔལ། །འདི་ཕོད་པར་གདའ་ཡེ་འགྲོ་བའི་མགོན། །ནངས་ཤར་བའི་ཉི་མ་ནུབ་སོང་ཡང་། །སླར་འགྲོ་བའི་དོན་དུ་ཤར་ནས་འཆར། །དོན་དེ་ཕྱིར་མྱུར་དུ་མ་ཕེབས་ན། །ང་སྒྱུ་ལུས་མི་ཐང་སྡོད་པར་དཀའ། །ལྷ་རྩ་གསུམ་དམ་ཅན་རྒྱ་མཚོ་རྣམས། །ཐུགས་སྐད་ཅིག་གཡེལ་བ་མ་མཛད་པར། །རྗེ་སངས་རྒྱས་གཉིས་པ་ཞབས་དཀར་རྗེ། །ས་དབུས་སུ་ཕེབས་པའི་མཐུན་གྲོགས་མཛོད། །ཕ་བཀའ་དྲིན་ཅན་གྱི་གསེར་ཞལ་དེ། །བུ་མོས་གུས་ཅན་གྱིས་མྱུར་དུ་མཇལ། །དུས་ཉིན་མཚན་མེད་པར་ཆོས་འཁོར་སྐོར། །ཀུན་དགའ་བདེའི་དཔལ་ལ་སྤྱོད་པར་ཤོག །

47.2K