རྡོ་གྲུབ་བསྟན་ཉིས་རང་ལོ་བཅུ་དགུ་པར་གསུངས་པའི་སྟོན་པའི་བསྟོད་མགུར་བཞུགས་སོ། །

༄༅། །ཆོས་ཉིད་བཟོད་པའི་སྣང་བ་ཆེ། །ཤིན་ཏུ་ཡུན་རིང་བསྟན་བྱས་པས། །ཟབ་མོའི་ཆོས་རྣམས་ཀུན་གྱི་གཤིས། །སྟོན་པ་ཟླ་མེད་དེ་ལ་འདུད། །སྲིད་ན་རྣམ་པར་ཀུན་མཁྱེན་པའི། །གྲགས་པ་ཙམ་ལ་ངལ་འཚོ་བ། །རྣམ་དོར་ལ་སོགས་ཆེས་མང་ཡང༌། །ཉེས་ཀུན་རྩ་བ་བཟློག་ནུས་མིན། །ཁྱོད་ཀྱིས་སྲིད་པའི་རྒུད་མང་པོ། །ལས་ཀྱི་རྒྱུ་ལས་གྱུར་མཁྱེན་ནས། །འདུ་བྱེད་རྩ་བ་མ་རིག་པ། །རྨིང་ནས་འདོན་པའི་ཐབས་འདི་བསྟན། །འདི་ན་འཇིག་རྟེན་རྒྱང་འཕེན་སོགས། །སྲིད་པའི་རྩེ་མོའི་ཉེས་ཚོགས་ལས། །ངེས་འབྱུང་ཐབས་ལ་རྣམ་རྨོངས་ཤིང༌། །སྲིད་པའི་སྙོམས་འཇུག་ཙམ་ཞིག་འཛིན། །ཁྱོད་ཀྱིས་མ་རིག་དྲུངས་འབྱིན་པ། །རྟེན་འབྱུང་སྟོན་པ་སེངྒེའི་སྒྲས། །ཆོས་ཀྱི་རང་བཞིན་ཇི་ལྟ་བ། །སེམས་ཅན་ཁམས་ལ་སྣང་བར་མཛད། །སྲིད་རྩ་ལས་དང་ལུས་ཡིན་ཞེས། །དཀའ་ཐུབ་དག་གིས་གདུངས་བྱེད་པ། །དེ་དག་བཙོ་བླག་མཁན་བཞིན་དུ། །ཁམས་གསུམ་ཉིད་ལས་ཡོངས་མི་འདའ། །ཁྱོད་ཀྱིས་གདུངས་པས་མ་གཟིར་བཞིན། །བདག་མེད་རྟོགས་པ་ཟབ་མོའི་བློ། །འདི་ཉིད་གཅིག་པུས་ཁམས་གསུམ་གྱི། །རྒྱུ་བ་བདེ་བླག་ཉིད་དུ་གཅད། །འདོད་ཉོན་བྲལ་ལ་ཐར་པ་ཞེས། །བསམ་གཏན་ཙམ་ཞིག་བསྟན་བྱེད་པ། །དེ་དག་ས་བོན་མ་སྤངས་ཕྱིར། །འདོད་ཉོན་ལག་པའི་དྲེག་ལྟར་སྐྱེ། །ཁྱོད་ཀྱིས་ཉེས་ཀུན་འབྱུང་བའི་གཞི། །བདག་ལྟ་ཆ་དང་བཅས་ལྡོག་པའི། །ལམ་འདི་བསྟན་ནས་ཀུན་ཉོན་མོངས། །སྐྱེ་བའི་གཞི་ཉིད་ཞི་བར་མཛད། །མདོར་ན་སྨྲ་བ་ཟླ་མེད་པ། །ཁྱོད་ཀྱིས་སེམས་ཅན་ཁམས་སྨིན་ཕྱིར། །སྟོང་དང་རྟེན་འབྱུང་ཟུང་འཇུག་ཏུ། །བསྟན་གང་སྟོན་པ་གཞན་ལ་མེད། །སྐྱེ་བོ་མཛངས་པ་མིན་བློ་ཅན། །སྟོང་པས་སྣང་ཙམ་ཉིད་འཇིག་ཅིང༌། །རྟེན་འབྱུང་ཉིད་ཕྱིར་མི་སྟོང་ཞེས། །འགལ་བར་འཁྲུལ་ནས་སྒྲོ་སྐུར་འདོགས། །ཁྱོད་ཀྱིས་ཇི་སྙེད་ཆོས་རྣམས་ཀུན། །འགྲོ་དང་འོང་མེད་མཚན་མ་བྲལ། །རང་བཞིན་གདོད་ནས་མ་སྐྱེས་ཞེས། །སྟོང་པའི་ཚུལ་འདི་བསྟན་ནས་སླར། །སྒྱུ་མ་འཕྲུལ་འདྲའི་ཆོས་འདི་དག །མ་བརྟགས་ཉམས་དགའི་སྣང་བ་སྟེ། །རྟེན་ནས་འབྱུང་བ་ཉིད་ཡིན་ཞེས། །ཐ་སྙད་གཏམ་གྱི་རོལ་མོར་འདོམས། །རྟེན་ཅིང་འབྲེལ་འབྱུང་ཉིད་ལོག་ན། །དུ་མའམ་གཅིག་ཏུ་གྲུབ་པར་འགྱུར། །དུ་མ་གཅིག་ཉིད་བསགས་པ་སྟེ། །གཅིག་བསགས་མིན་པའི་དུ་མ་མེད། །གལ་ཏེ་ཆོས་འདི་གཅིག་ཉིད་ན། །མིན་ལས་ལོག་དང་ཡིན་མ་ལོག །ཆ་ཤས་འདི་དག་མི་འགྲུབ་སྟེ། །ངོ་བོ་ཉིད་ཀྱི་གཅིག་ཕྱིར་རོ། །དེ་སླད་ཁྱོད་ཀྱིས་ཤེས་བྱ་ཀུན། །བློ་ཡིས་བཞག་པ་མ་གཏོགས་པ། །འགའ་ཡང་ཡོད་པ་མ་ཡིན་ཞེས། །སྨྲ་བ་སྐྱོན་མེད་འདི་བསྟན་གྱུར། །བརྟེན་ནས་བཏགས་ལ་རང་བཞིན་གྱིས། །གྲུབ་པ་ནམ་ཡང་མ་མཆིས་ཞིང༌། །སྟོང་བཞིན་སྣང་བ་འདི་སྣང་ཞེས། །དོན་འདི་དོན་གཟིགས་མཆོག་ཁྱོད་གསུངས། །སྣང་བ་མེད་ཅིང་སྟོང་མ་མཆིས། །རྟག་མིན་ཆད་པ་མ་ཡིན་པའི། །ཆོས་ཉིད་འདི་ལ་ཁྱོད་བཞུགས་ནས། །སྣང་དང་སྟོང་པའི་ཐ་སྙད་འདོགས། །ཁྱོད་ཀྱིས་ཇི་སྙེད་བསྟན་པའི་ཆོས། །ཆོས་ཉིད་གཅིག་ལ་འབབ་ཅིང་གཞོལ། །དེ་ཕྱིར་ཁྱོད་ཀྱིས་ཐེག་པ་གསུམ། །བསྟན་པ་མཐར་ཐུག་དོན་དུ་གཅིག །ཉན་ཐོས་རང་སངས་རྒྱས་རྣམས་ལ། །སྟོང་ཉིད་སེངྒེའི་སྒྲ་བསྒྲགས་པ། །ཁམས་གསུམ་རྒྱུ་བ་ཟད་ཕྱིར་ཏེ། །རེ་ཞིག་ཐེག་པ་གཉིས་སུ་བསྟན། །བློ་མཆོག་སྙིང་རྗེ་ཆེ་ལྡན་ལ། །ཟབ་པའི་ཆོས་ཉིད་གང་བསྟན་པ། །བྱང་ཆུབ་མཆོག་ལ་འཇོག་ཕྱིར་ཏེ། །ཐབས་ཀྱིས་ཁྱད་པར་བྱས་པ་ལགས། །ཇི་ལྟར་མགར་བ་བདག་གིས་གསེར། །བཞུ་བཏུལ་ཤུགས་དྲག་ཤུགས་དྲག་མིན། །ཁྱད་པར་འདི་ལས་གསེར་གྱི་མདངས། །དག་དང་མ་དག་ཁྱད་པར་སྣང༌། །དེ་བཞིན་སློབ་མ་བསེ་རུའི་ལམ། །ཐེག་པ་ཆེ་དང་མི་མཚུངས་པ། །ཕ་རོལ་ཕྱིན་པའི་སྒོ་མང་པོ། །རྣམ་པར་བསྟན་པས་ཁྱད་པར་བྱས། །དེ་ལྟར་ཁྱོད་ཀྱིས་སེམས་ཅན་ཁམས། །སྣ་ཚོགས་ཆོས་རྣམས་སྣ་ཚོགས་ཀྱིས། །གདུལ་བའི་ཆོ་འཕྲུལ་འཛད་མེད་ཀྱང༌། །ཆོས་ཉིད་འཁྲུགས་པར་བྱས་པ་མེད། །ཁྱོད་ཀྱིས་ཆོས་རྣམས་མ་བཤིགས་ཤིང༌། །ཁྱོད་ཀྱིས་ཁམས་རྣམས་བསྐྱེད་པའང་མེད། །དེ་ལྟ་མོད་ཀྱི་ཆོས་ཉིད་གཤིས། །བྲི་གང་མེད་འདི་ཁྱོད་ཀྱིས་བསྟན། །དོན་ཟབ་སེངྒེའི་སྒྲ་འདི་ཡིས། །མ་རིག་རྒྱུ་བ་འགོག་མཛད་དེ། །དེ་བཀག་པས་ནི་སྐྱེ་འཆིའི་སྒོ། །ཀུན་ལའང་འགོག་པ་ཐོབ་པ་ལགས། །ཆོས་ཀུན་རང་བཞིན་ཟད་བསྟན་ནས། །འཛད་མེད་སྲིད་པའི་སྣང་བ་འདི། །མི་ཟད་ཚུལ་གྱིས་ཟད་མཛད་པ། །སྟོན་མཆོག་ཁྱོད་ཀྱི་ཐབས་མཁས་སྒོ། །སྐྱེ་ཉིད་རྒ་ཤིར་འཕོས་མིན་ཞིང༌། །རྒ་ཤི་སྐྱེ་ལས་མ་བྱུང་མིན། །སྐྱེ་ཤི་རྐྱེན་ཉིད་འདི་བ་ཞེས། །སྐྱེ་ཤིའི་རྩ་བ་འགོག་ཕྱིར་བསྟན། །མདོར་ན་སྟོན་པ་ཀུན་མཁྱེན་ཞབས། །སྟོན་པའི་ནང་ན་ཟླ་མེད་ཅིང༌། །སྨྲ་བ་ཀུན་ལས་ཁྱུ་མཆོག་ཏུ། །རིགས་པ་མཁྱེན་པ་རྣམས་ལ་གྲུབ། །དེ་རྗེས་འབྲངས་ནས་མི་མཁས་པ། །བདག་འདྲའང་མཁས་པ་ལྟར་བཅོས་ཏེ། །བསྟོད་ཚིག་མེ་ཏོག་དོག་པ་འདིས། །འདྲེན་པ་མཆོག་ལ་ཕུ་དུད་བྱས། །དགེ་ཚོགས་ཡིད་བཞིན་སྤྲིན་དཀར་ལས། །དགེ་ལེགས་ཆར་ཆེན་འབུམ་བསྙིལ་ནས། །དགེ་ཞིང་དགེ་བའི་བཀྲ་ཤིས་ཀྱིས། །ས་གསུམ་རྟག་ཏུ་གདལ་གྱུར་ཅིག །ཅེས་པའང་གཞོན་ནུ་འཇིགས་མེད་པས་རང་ལོ་བཅུ་དགུ་པ་ཆུ་ལུག་གི་ལོ་ཧོར་ཟླ་གསུམ་པའི་ཚེས་བཅུའི་ཉིན་གུང་སྐད་ཅིག་ཡུད་ཙམ་ལ་སྨྱོ་གཏམ་བྱས་པ་དགེ་བར་གྱུར་ཅིག ། ། །

རྩོམ་སྒྲིག་པ། རྣམ་གསལ་དབང་མོ།

47.2K