༄༅། །ཁམས་བླ་ཁྲག་འཐུང་ནམ་མཁའ་རྒྱ་མཚོས་༧འགྲོ་མགོན་ཞབས་དཀར་པ་ཚོགས་དྲུག་རང་གྲོལ་མཆོག་ལ་ཕུལ་བའི་སྙན་རྩོམ་ཚན་གསུམ་བཞུགས་སོ། །

༈ ཨེ་མ་ཧོ། ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་ཀུན། །ཀ་དག་དྲི་བྲལ་ཐུགས་ཀྱི་མེ་ལོང་ངོར། །སྣང་ཡང་གཟུང་དང་འཛིན་པ་རང་སར་གྲོལ། །གནས་ལུགས་ངེས་པ་དོན་གྱི་བླ་མར་འདུད། །ལྷར་བཅས་སྐྱེ་དགུའི་འདྲེན་པ་མཆོག་དེ་ཡིས། །སློབ་པ་ལམ་དུ་གྲངས་མེད་གསུམ་དག་ལ། །ཚོགས་གཉིས་མཐར་ཕྱིན་མཛད་ཚེ་ཕྱིན་དྲུག་དང་། །བསྡུ་བཞིའི་གཞན་དོན་གཉེར་བའི་ལྷག་བསམ་དག །གང་ཐུགས་གདོད་ནས་རང་གྲོལ་ཐབས་ཀྱི་ཆར། །ལེགས་འཁྲུངས་འགྲོ་ལ་སྨན་པའི་དགའ་སྟོན་གྱི། །འཕྲལ་ཕུགས་དོན་གཉེར་རེ་སྐོང་ཡིད་བཞིན་ནོར། །འབད་མེད་འཇོ་བའི་རྨུགས་འཛིན་དབང་པོའི་ཟླས། །དམན་སློང་བཀྲེ ན་པས་གདུངས་པ་ཟས་སྐོམ་གྱི། །སྦྱིན་གཏོང་གཏན་པ་མེད་པ་སྒོ་འཕར་བརྒྱ། །འབྱེད་མཛད་དྲི་མེད་ཀུན་ལྡན་རྗེས་སུ་འགྲོ། །སྒྲུབ་རྒྱུད་བསྟན་པའི་རྒྱལ་མཚན་གངས་ལྗོངས་འདིར། །འཛུགས་ལ་བཞད་པ་རྡོ་རྗེའི་རྗེས་འགྲོ་གང་། །སྙན་པའི་དབྱར་རྔ་རུ་བཞི་སྐོར་གསུམ་སྒང་། །དྲུག་ཏུ་ལྡིར་བའི་ཕྱོགས་བརྒྱའི་ལས་སྐལ་དང་། །ལྡན་པའི་རྨ་བྱ་དགའ་བའི་ཟློས་གར་བསྒྱུར། །དད་པའི་ཡིད་བསྐུལ་བདེ་བའི་ངལ་གསོ་བའི། །བྱང་ཆུབ་ས་ནོན་འཇོག་པ་ཁྱོད་ལས་སུ། །སྣ་ཚོགས་གདུལ་བྱའི་ཁམས་དང་མོས་པ་བཞིན། །སྐུ་གསུམ་སྟོན་པས་ལེགས་གསུང་ཆོས་ཀྱི་སྒོ། །ཇི་སྙེད་གསུངས་པའི་དགོངས་སྤྱོད་ཐུགས་ཀྱི་མཚོར། །ཡོངས་བསྐྱིལ་འགྲོ་ལ་གང་འཚམས་ཆོས་ཀྱི་ཆར། །སྩོལ་མཛད་གདེངས་ཅན་དབང་པོའི་རྗེས་སུ་འགྲོ། །སྡེ་གསུམ་ཀློང་དགུའི་མན་ངག་ཟབ་མོའི་བཅུད། །བཤེས་གཉེན་པདྨོའི་ཚལ་ལས་ལེགས་དྲངས་ནས། །རྡོ་རྗེའི་གླུ་དབྱངས་འཁྲོལ་བའི་བྷྲ་མ་རས། །མཁས་དབང་གཟུར་གནས་ནགས་ཀྱི་དྲང་སྲོང་སོགས། །ངེས་འབྱུང་ཡིད་རབ་བསྐུལ་ལ་ཁྱོད་ལས་སུ། །ཡུལ་ཕྲན་གཅིག་དང་དགོན་ཆུང་བདག་མི་འཛིན། །ཕྱོགས་མེད་དད་པའི་པད་ཚལ་བཞད་པའི་གཉེན། །འདྲིས་ཤིང་གཉུག་ནས་ཁྲོ་བས་མི་གདུངས་པ། །ཀུན་ལ་བཤེས་པ་གླིང་བཞི་མཛེས་པའི་རྒྱན། །འགྲོ་བློའི་མུན་པ་སེལ་ལ་སྨོས་ཅི་དགོས། །བྱང་ཆུབ་སྨོན་པའི་མཚོ་ལས་ལེགས་འཁྲུངས་པ། །འཇུག་པའི་ཆ་ཤས་ཡོངས་རྫོགས་ཆུ་ཤེལ་དལ། །དོན་དམ་དབྱིངས་སུ་འཁྱིལ་བ་གཞན་སྣང་ངོར། །ཀུན་རྫོབ་གདུལ་བྱའི་མཚོར་སྣང་བསིལ་སྦྱིན་མཁན། །ཉོན་མོངས་ཚ་བའི་གདུང་སེལ་ཁྱོད་ལས་སུ། །ཐེག་ཆེན་གངས་ཀྱི་རི་བོར་གནས་བཅས་ཏེ། །ལྟ་སྒོམ་སྤྱོད་པའི་རྩལ་རྫོགས་གདོང་ལྔའི་དབང་། །སྔ་འགྱུར་བཀའ་གཏེར་གདམས་པའི་ནུ་ཞོ་མངར། །ཡོད་ཀྱང་བཅུད་ཐུབ་རིན་ཆེན་སྣོད་དབེན་སྙམ། །སྤུ་སྡུག་ཕལ་རྣམས་མི་སྐྲག་བློར་འཚམས་པའི། །ལྟ་སྤྱོད་ལ་ཞུགས་བློ་སྦྱོང་ཞལ་གདམས་ཀྱིས། །ཀུན་ཡིད་ཚིམ་པས་འབྲེལ་ཚད་དོན་ལྡན་མཛད། །དྭགས་སྒོམ་སྙིང་པོའི་རྗེས་འགྲོ་ཁྱོད་ལས་སུ། །དེང་དུས་གཞན་ངོ་བསྲུང་དང་རང་ཉིད་ལ། །སྒྲོ་སྐུར་མེད་ཕྱིར་བྱི་ལའི་བརྟུལ་ཞུགས་ལྟར། །དགེ་སྦྱོང་ཟོལ་གྱིས་ལོག་འཚོ་གཉེར་བ་ལས། །ངེས་པར་འབྱུང་བའི་རྒྱུད་བསྐུལ་ཁྲིམས་ལྡན་པ། །ནམ་མཁའི་མེ་ཏོག་དང་མཚུངས་སྙིགས་དུས་འདིར། །བསླབ་པ་གསུམ་གྱིས་རྒྱུད་གཏམས་ངུར་སྨྲིག་གི། །རྒྱལ་མཚན་འཛིན་ཁྱོད་གནས་དག་དབེན་པ་དང་། །གྲོགས་དང་འཚོ་བ་དག་པ་བསྟེན་མཐོང་ན། །རྒྱལ་པོ་གཞོན་ནུ་དོན་གྲུབ་རྗེས་སུ་འགྲོ། །དེང་དུས་རྒྱུ་ཡི་ཐེག་པའི་ལྟ་སྒོམ་སྤྱོད། །ལུང་དོན་ཁ་ཁྱེར་ཙམ་ལས་ལག་ལེན་ལ། །འདེབས་པ་ཨུ་དུམ་ཝ་ར་དང་མཚུངས་དུས། །ལྟ་བ་སྟོང་ཉིད་བཅོ་བརྒྱད་ལེགས་རྟོགས་ནས། །སྒོམ་པ་བྱང་ཆོས་སོ་བདུན་རྒྱུད་ལ་འབྱོར། །སྤྱོད་པ་ཕྱིན་དྲུག་བསྡུ་བཞིའི་ལག་ལེན་མཁན། །ཐོས་དོན་རྒྱུད་ལ་འབྱོར་བའི་བཤེས་གཉེན་ཁྱོད། །མར་མེ་མཛད་དང་བློ་བཟང་གྲགས་པར་མཚུངས། །དེང་དུས་འབྲས་བུའི་ཐེག་པར་ཁ་གཡར་ནས། །ཐབས་ཀྱིས་མ་ཟིན་ཉོན་མོངས་རང་དགར་སྤྱོད། །ཆ་ལུགས་སྔགས་རློམ་བདག་དང་བདག་འདྲ་ཡིས། །ཁ་ཚོད་མཐོན་པོས་གསང་བར་སྒྲོགས་དུས་འདིར། །བསྐྱེད་རྫོགས་ཨ་ཏིའི་ཉམས་ལེན་མཐར་ཕྱིན་ནས། །གཞན་ལ་འདོམས་མཛད་ཐེག་དགུའི་འཁོར་ལོས་སྒྱུར། །གང་ཁྱོད་རྒྱལ་དབང་པདྨ་ཀཱ་རར་མཚུངས། །དེ་ལྟར་སྔོན་བྱོན་བསོད་ནམས་བརྒྱ་ཕྲག་ལས། །ལེགས་བསྐྲུན་མཚུངས་མེད་གྲུབ་པའི་དབང་པོ་ཉིད། །ཆོས་དང་བླ་མ་གང་ལས་ངེས་རྙེད་པའི། །གདམས་པའི་སྙིང་པོ་རིན་ཆེན་གཏེར་གྱི་སྒོ། །གཏན་པ་མེད་པའི་དགའ་སྟོན་ཕྱོགས་འདིར་སྩོལ། །རྒྱུ་འབྲས་ཐེག་པའི་ལུང་དོན་བཤད་པའི་གྲྭ། །བསྟན་པའི་གཞི་མ་ཕྱོགས་འདིར་རྒྱ་ཆེ་ཡང་། །རིག་པ་འཛིན་པའི་སྡེ་སྣོད་སྙིང་པོའི་བསྟན། །འཛིན་པའི་སྐྱེས་བུ་འགའ་ཞིག་བྱོན་ནའང་། །བརྒྱུད་འཛིན་སྦས་པའི་རྣལ་འབྱོར་རེ་གཉིས་ལས། །སྔ་འགྱུར་རང་ལུགས་འཛིན་པའི་སྒྲུབ་བརྒྱུད་བསྟན། །ཆེར་མ་ཚུགས་པ་དགོངས་ནས་གང་ཉིད་ནི། །རྡོ་རྗེ་ཐེག་པའི་རང་ལུགས་ལ་ཞུགས་ནས། །ཚེ་གཅིག་གྲུབ་པ་བརྙེས་པའི་ལག་རྗེས་ཤིག །ཅི་ནས་གནང་བར་ཐུགས་རྗེས་གཟིགས་པར་ཞུ། །གང་ལ་སྔོན་སྨོན་ལས་ཀྱིས་འབྲེལ་བའི་མཐུས། །དེང་འདིར་ཞལ་མཇལ་གསུང་ཐོས་རྟེན་འབྲེལ་ཞིག །བྱུང་བ་སྐལ་བཟང་ལེགས་པའི་བརྩེ་ཆེན་གྱིས། །རྗེས་བཟུང་གདམས་པ་སྣ་རེས་གྲོལ་བར་ཞུ། །སྔ་འགྱུར་བཀའ་གཏེར་དག་སྣང་ལས་འོངས་པའི། །སྨིན་གྲོལ་གདམས་པ་ཟབ་མོའི་བདུད་རྩིའི་བཅུད། །ཐུགས་ཀྱི་བུམ་བཟང་གཏམས་པའི་རྒྱུན་བཟང་པོ། །རང་རང་རེ་འདོད་ཇི་བཞིན་སྩོལ་བར་ཞུ། །རིས་བྲལ་བསྟན་ལ་བསྙེན་བཀུར་ཆེར་མཛད་ཀྱང་། །པདྨའི་རིང་ལུགས་དྲི་མེད་སྣང་བྱེད་དལ། །ཕྱོགས་ལྟུང་སྤྲིན་གྱི་དབང་དུ་མི་བཏང་བར། །ཐུགས་བསྐྱེད་དྲི་བཞོན་གྱིས་བསྐུལ་འོད་བརྒྱའི་སྒོ། །སྐལ་བཟང་པདྨོའི་གཉེན་དུ་ཕྱེ་བར་མཛོད། །དེ་ལྟར་ཐེག་མཆོག་ཆོས་ཀྱི་རྔ་བོ་ཆེ། །བསྐུལ་ཚིག་དབྱུ་གུས་བསྣུན་ལ་ཚངས་དབང་གིས། །སྟོན་པར་ཆོས་འཁོར་བསྐོར་བའི་ཞུ་ཕུལ་ལྟར། །སྙིང་པད་དང་བཅས་སྙིང་ནས་གུས་ཞུས་པའི། །བརྩེ་བའི་ཐུགས་ཀྱིས་ནམ་ཡང་མི་འདོར་ཞུ། །ཁྱད་པར་བདག་གིས་བླ་མ་ནམ་དྲན་དུས། །གསོལ་འདེབས་དུས་སུ་ཉམས་དངོས་རྨི་ལམ་དུ། །ཞལ་མཇལ་གསུང་ཐོས་དབུགས་དབྱུང་གཟེངས་བསྟོད་དང་། །བྱིན་གྱིས་བརླབས་པའི་དགེ་མཚན་ཅིར་ཡང་སྩོལ། །གང་ཉིད་བསྐལ་པ་རྒྱ་མཚོར་འགྲོ་ངོ་རུ། །སྐུ་ཚེ་གཞོམ་མེད་རྡོ་རྗེའི་ཁྲིར་བཞུགས་ནས། །བསྟན་དང་འགྲོ་བའི་དཔལ་དུ་ལེགས་ཐོབ་ནས། །ལྷར་བཅས་སྐྱེ་དགུའི་གཙུག་ན་རྒྱལ་གྱུར་ཅིག །ཅེས་པ་འདི་ནི་ཁམས་བླ་གཏེར་སྟོན་གྱིས་ཕུལ།

.༈ ལྷག་བསམ་དག་པའི་སྨོན་ཚིག་ཞབས་བརྟན་གསོལ་འདེབས་བདེན་གཉིས་བསླུ་མེད་བཞུགས། ཨེ་མ་ཧོ། བཀའ་དྲིན་གསུམ་ལྡན་ཚོགས་གཉིས་བསགས་པའི་རྟེན། །འགྲོ་དྲུག་ཡོངས་ཀྱི་སྐྱབས་མགོན་བླ་མ་ནི། །རང་གཞན་སྨིན་གྲོལ་ལམ་གྱི་བདག་པོ་སྟེ། །སྨོན་ཚིག་འདི་བཏབ་བསླུ་བར་མ་གྱུར་ཅིག །ཕྱོགས་དུས་རྒྱལ་བ་ཡོངས་འདུས་དཀོན་མཆོག་གསུམ། །རྩ་གསུམ་དམ་ཅན་རྒྱ་མཚོར་ཕྱག་བགྱིའོ། །རང་གཞན་ལུས་དང་ལོངས་སྤྱོད་དགེ་ཚོགས་བཅས། །བདེན་གཉིས་འགོག་པ་མེད་པའི་མཆོད་པ་འབུལ། །ཐོག་མེད་དུས་ནས་མ་རིག་ལས་ཉོན་སྒྲིབ། །མི་དགེའི་སྡིག་ཚོགས་གང་བསགས་མཐོལ་བཤགས་སྡོམ། །རང་གཞན་མཆོག་དམན་སོ་སྐྱེ་བྱང་སེམས་ཀྱིས། །རྣམ་དཀར་བསོད་ནམས་ཞིང་མཆོག་ཁྱོད་ཡི་རང་། །སེམས་ཅན་རྒྱ་མཚོའི་མོས་བློའི་རྗེས་འགྲོ་བའི། །ཆོས་ཀྱི་འཁོར་ལོ་དཔག་མེད་སྐོར་བཞིན་དུ། །རིས་མེད་བསྟན་འགྲོ་གདུལ་བྱ་མཆོག་དམན་དང་། །ཉམ་ཐག་འགྲོ་ལ་ལྷག་པར་ཐུགས་བརྩེ་ཕྱིར། །སངས་རྒྱས་ཆོས་འཕགས་ཚོགས་ཀྱི་མཆོག་གྱུར་པ། །ཁྱོད་ནི་དྲུག་ལྡན་བདག་པོ་རྡོར་འཆང་དངོས། །རང་བཞིན་བྱང་གྲོལ་ཞི་བདེར་མི་གཞོལ་བར། །རྟག་པར་རྒྱུན་གྱི་འཁོར་ལོར་བཞུགས་གསོལ་འདེབས། །ཁྱོད་ཞལ་བཞུགས་མཐོང་གསུང་ཐོས་རྗེས་བཟུང་དངོས། །མཐའ་ཡས་འགྲོ་ལ་དགེ་བ་གང་ཐོབ་བསགས། །ཐམས་ཅད་འཁོར་གསུམ་ཡོངས་དག་ཆེན་པོའི་ངང་། །ཞབས་པད་བརྟན་པའི་དོན་འབྲས་འགྲུབ་ཕྱིར་བསྔོ། །ཞེས་རང་ལ་རྩོམ་པའི་ཡོན་ཏན་དང་བྱིན་རླབས་ནུས་མཐུའི་བདེན་ཚིག་མི་མངའ་ཡང་། སྤྱང་ལུང་སྤྲུལ་སྐུ་ཚང་དང་། དེའི་སྟེང་ནོན་རབ་བྱུང་གིས་འདི་འདྲ་དགོས་ཞེས་བཀའ་མཆིད་ལྕི་མོ་ཁུར་ལེན་པ་ཁམས་བླ་ཀུན་སྤངས་ནམ་མཁའ་རྒྱ་མཚོས་ཚེ་བསྙེན་གྱི་ཐུན་ཞོར་གཅིག་ལ་སྣང་ཤར་དུ་ཕུལ་བས་བརྗོད་དོན་བསླུ་བ་མེད་པར་འགྲུབ་པར་གྱུར་ཅིག །

༈ ཚོགས་དྲུག་ཡུལ་སྣང་མ་འགག་མེ་ལོང་ངོགས། །དོན་གཉིས་མཛད་པ་མཐའ་བྲལ་ཆོས་ཀྱི་དབྱིངས། །གཉིས་སྣང་རང་གྲོལ་བྱ་བ་ཡོངས་གྲུབ་གཤིས། །གདུལ་བྱར་གང་འཚམ་སོ་སོར་རྟོག་པའི་སྐུ། །དཔལ་ལྡན་བླ་མ་གཡོ་མེད་མཉམ་ཉིད་ངང་། །རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་གསོལ་འདེབས། །ཅེས་པའང་གྲྭ་བ་རིག་འཛིན་གྱིས་དངུལ་དཀར་གྱི་ཉི་ཟླ་ཕུལ་བའི་ངོར་ཁམས་བླ་ཀུན་སྤངས་ནམ་རྒྱམ་པས་ཐོལ་བྱུང་ངོ་། །

 

47.2K