༄༅། །འགྲོ་མགོན་ཞབས་དཀར་པ་ཚོགས་དྲུག་རང་གྲོལ་ལ་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་ཕུལ་བའི་གསུང་འཕྲིན་ཚན་གཉིས་བཞུགས་སོ། །

༈ བརྩེ་ཆེན་ཐབས་ཀྱིས་འགྲོ་ཀུན་འདྲེན་མཛད་ཕྱག་ན་པད་དཀར་འཆང་བའི་རླབས་ཆེན་སྙིང་སྟོབས་བཙན་པོའི་གོ་ཆ་ཆེར་གྱོན་ཞིང་། །མཁྱེན་པའི་ཡེ་ཤེས་ཇི་ལྟ་ཇི་སྙེད་གཟིགས་མཛད་རྒྱལ་ཀུན་ཡབ་གཅིག་བསྟན་པའི་འཁོར་ལོའི་རྣམ་དཔྱོད་འོད་སྟོང་ཕྱོགས་བཅུར་འཕྲོ། །མཐུ་བྱིན་ནུས་པ་རྣམ་འདྲེན་སྟོང་གི་གསང་བ་བསམ་མི་ཁྱབ་པའི་མཛོད་འཆང་མཐུ་སྟོབས་བདག་པོའི་བདེན་པ་མངོན་དུ་གྲུབ། །རིགས་ཀུན་འདུས་གཟུགས་ས་གསུམ་འགྲོ་བའི་བླ་མ་ངེས་པ་དོན་གྱི་ཀུན་མཁྱེན་མཚུངས་མེད་ཆོས་ཀྱི་རྒྱལ་པོར་གུས་ཕྱག་འཚལ། །ཐེག་དགུའི་བསྟན་པའི་བ་དན་དཀར་པོ་མཆོག །མངོན་པར་སྲིད་རྩེའི་བླ་ན་འཕྱར་མཁས་ཤིང་། །ལུས་ཅན་ཕན་བདེའི་རྩ་ལག་ཆོས་ཀྱི་རྗེའི། །ཞབས་ཟུང་གསེར་གྱི་འཁོར་ལོའི་ཉེ་དྲུང་དུ། །སྒོ་གསུམ་གུས་པ་ཆེན་པོས་ཞུ་གསོལ་ནི། །དེང་འདིར་གང་ཉིད་གདུལ་བྱའི་ལྷ་ལམ་དུ། །གཟུགས་སྐུ་རྟ་བདུན་དབང་པོར་ཉེར་འཚེ་བྲལ། །ལུང་དང་རྟོགས་པའི་གཟི་འོད་སྟོང་འབར་ནས། །ཕྱོགས་བཅུའི་ལོག་རྟོག་རྒོལ་ངན་མུན་པ་བཅོམ། །དད་ལྡན་གདུལ་བྱའི་བློ་གྲོས་པདྨོ་བཞད། །མཐའ་ཡས་འགྲོ་ཀུན་ཐར་བ་བླ་མེད་ཀྱི། །ལམ་ལ་བཀོད་པའི་མཛད་འཕྲིན་དབྱར་སྐྱེས་ཀྱི། །སྙན་པའི་རྔ་གསང་འཛིན་མའི་ཁྱོན་གང་བ། །ཁོ་བོའི་ཐོས་བྱེད་བུ་གར་ཉེར་སོན་ཚེ། །སྙིང་ལ་རབ་དགའི་བདེ་བ་བརྗོད་མེད་ཐོབ། །ཁྱད་པར་མཁས་གྲུབ་པདྨ་རང་གྲོལ་ལ། །གསུང་མཆིད་བདུད་རྩིའི་ཟེགས་མ་ཨོ་རྒྱན་རྗེའི། །སྐུ་བརྙན་བྱི་རུ་རྟེན་འདུས་བདུད་རྩི་རིལ། །སྲུང་མདུད་བཅས་པ་སྤྱི་བོར་ཕེབས་པའི་མོད། །ཉིད་དང་དངོས་མཇལ་ལྟ་བུའི་སྤྲོ་དགའ་འཕེལ། །འདིར་ཡང་བདག་ཉིད་བསྐྱེད་རྫོགས་ཉམས་ལེན་དང་། །གཞན་ཕན་བསམ་པའི་རྩི་དང་མ་བྲལ་བཞིན། །ཨོ་རྒྱན་རྗེ་དང་རྩ་བརྒྱུད་བླ་མ་ཡི། །བཀའ་དྲིན་ཐུགས་རྗེས་འཚོ་བཞིན་འབྱུང་འཁྲུག་གི། །ཉེར་འཚེ་མ་བྱུང་ཕུང་ཁམས་བདེ་མོར་མཆིས། ། མཚམས་ཞུ། ཆེད་འབྲས་རྗེ་བཙུན་བླ་མ་དམ་པ་ཉིད། །རྒྱལ་བསྟན་སྤྱི་དང་སྒོས་སུ་རྡོ་རྗེའི་ཐེག །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་ལམ། །འཛིན་སྐྱོང་སྤེལ་གསུམ་ཆོས་སྲིད་གང་ངོས་ནས། །བསྟན་པའི་སྲོག་གི་ཀ་བ་ཕྱོགས་འདི་རུ། །ཅིས་ཀྱང་འཛུགས་པའི་གནད་ཀྱི་དོན་ཆེན་དང་། །བདག་སོགས་མདོ་སྨད་གདུལ་བྱའི་དོན་ཕྱིར་དུ། །རླུང་འཛིན་ལོ་ལ་ཕྱོགས་འདིར་ཕྱག་ཕེབས་ཀྱི། །ཞལ་བཞེས་དམ་བཅའ་དུས་ལས་མི་འདའ་ཞུ། །ཁོ་བོ་ཅག་ནི་རྗེ་ལ་མཇལ་ཕྱིར་དུ། །འོང་བར་འདོད་ཀྱང་ཟང་ཟིང་འབྱོར་བས་དབེན། །འོན་ཀྱང་བླ་མ་གང་ཤར་རང་གྲོལ་ནི། །དམ་པ་ཉིད་ལ་འཚམས་ཞུ་བྱེད་དུ་མངགས། །དེ་ལ་འགལ་སྤང་མཐུན་བསྒྲུབ་བྱ་བ་ལ། །ཁོང་ནས་ཆོས་སྲིད་བཀའ་དྲིན་ལྷོད་མིན་མཁྱེན། །སླད་མའི་ཆར་ཡང་གང་ཉིད་བདག་སོགས་འགྲོ། །ཀུན་གཟིགས་རྣམ་བྱང་མངོན་དུ་མ་གྱུར་བར། །རྟག་བརྟན་རྡོ་རྗེའི་ཁྲི་ལ་མངའ་བརྙེས་ནས། །བསྐལ་བརྒྱའི་བར་དུ་མི་འགྱུར་ཨུཿཏིཥྛན། །གང་ཐུགས་ཆོས་སྐུ་ཀུན་གསལ་ཡངས་པ་ལས། །བྱམས་བརྩེའི་སྤྲིན་གྱི་རོལ་མོ་འཁྲོལ་བཞིན་དུ། །ཐུགས་རྗེ་སྦྲང་ཆར་ཟིམ་བུའི་རྒྱུན་ཕབ་སྟེ། །དད་ལྡན་རྐང་དྲུག་དགའ་སྟོན་བྱེད་པར་གསོལ། །དེ་སྐད་ཞུ་མཆིད་དཔྱིད་ཀྱི་ཕོ་ཉ་བ། །འདེགས་རྟེན་བཀྲ་ཤིས་དར་གྱི་གཤོག་ཟུང་བསྐྱོད། །ཚིག་ཕྲེང་གསུང་སྙན་ལྷང་ལྷང་སྒྲོགས་བཞིན་དུ། །སྐྱེས་མཆོག་དཔག་བསམ་ལྗོན་པའི་ཚལ་དེར་དེངས། །མེ་ཕག་ཟླ་བའི་ཚེས(༡༠)ལ་རྫོགས་ཆེན་པ། །ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་གུས་པས་ཕུལ། །ཞེས་པའང་རྫོགས་ཆེན་པ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་ཕུལ་པའོ། །

༈ ནམ་མཁའི་མཐའ་ཀླས་པའི་ཡིད་ཅན་མ་ལུས་ཤིང་ལུས་པ་མེད་པའི་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱི་སྐྱབས་མཆོག་གཅིག་པུར་གྱུར་པ། མགོན་དམ་པར་གྱུར་པ་རྣམ་འདྲེན་བླ་མ་རྒྱལ་བའི་མཆོག་གི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་ནི་ཚུར་མཐོང་གི་བློས་དཔོག་པར་མི་ནུས་གཞལ་པར་དཀའ་སྟེ། རྒྱལ་བའི་རྡོ་རྗེའི་ལྗགས་ཀྱིས་བསྐལ་པ་གྲངས་མེད་བརྗོད་ཀྱང་མཐའ་དཔོག་པར་མི་འགྱུར་བས་བསམ་ལས་འདས་པ་ཉིད་དོ། །འོན་ཀྱང་རང་བློས་དཔོག་ཚོད་ཙམ་ཅུང་ཟད་བརྗོད་ན། རྣམ་ཀུན་མཆོག་ལྡན་མཐར་ཐུག་གི་གྲོལ་ས་ཀ་དག་ཆོས་ཀྱི་སྐུ་ཟབ་ཞི་སྤྲོས་པ་ཐམས་ཅད་བྲལ་བ་ངོ་བོ་ཀ་དག་གི་ཡེ་ཤེས་མཐའ་དང་བྲལ་ཞིང་། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་གཏིང་གདངས་ནང་ན་གསལ་བ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་འཆར་གཞི་གོ་མ་འགག་པ་སྡེ་ཚན་ཉི་ཤུ་རྩ་གཅིག་གི་ཡོན་ཏན་རྫོགས་པའི་ཆ་ནས་སྤྲོས་བྲལ་ཆོས་ཀྱི་སྐུ། སྦྱངས་བགྲོད་མཐར་ཕྱིན་ཅིང་ཡེ་ཤེས་དང་ཡོན་ཏན་མ་ལུས་པ་ལྷུན་གྱིས་གྲུབ་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ། ནམ་ཡང་འཕོ་འགྱུར་མེད་པའི་ཆ་ནས་མི་འགྱུར་རྡོ་རྗེའི་སྐུ་མཆོག་ལས་མ་གཡོས་བཞིན་དུ་མགོན་པོ་ཁྱོད་ཀྱི་ལོངས་སྤྱོད་རྗོགས་པ་སྐུའི་ཞིང་ཁམས་གནས་ངེས་པ་རང་སྣང་དོན་གྱི་འོག་མིན་ཆེན་པོ་ན་གཞལ་ཡས་ཁང་རྒྱན་དང་རྒྱ་ཚད་གཞལ་དུ་མེད་པ་ན། སྟོན་པ་ངེས་པ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གཟུགས་རྣམ་པར་སྣང་མཛད་དང་། མེ་ལོང་ཡེ་ཤེས་མི་བསྐྱོད་པ། མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང་ལྡན་དང་། སོར་རྟོག་ཡེ་ཤེས་སྣང་བ་མཐའ་ཡས་དང་། བྱ་གྲུབ་ཡེ་ཤེས་དོན་ཡོད་གྲུབ་པ་རྣམས་ལ་འབྱུང་བ་དག་པའི་ཡུམ་ལྔས་འཁྲིལ་ཞིང་ཞལ་ཕྱོགས་བཅུ་ཀུན་ཏུ་ཐལ་ལེར་གཟིགས་པ། ཉིད་ལས་མི་གཞན་པའི་འཁོར་འབྲས་བུའི་སེམས་དཔའ་བརྒྱད་དང་སེམས་མ་སྒོ་སྐྱོང་ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་དེ་འདྲ་བས་གོ་མཚམས་མེད་པར་ཏིལ་གྱི་གང་བུ་ལྟར་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་ཁྱབ་ཅིང་དུས་རྟག་པ་རྒྱུན་གྱི་འཁོར་ལོ་སངས་རྒྱས་ཉིད་ཀྱི་རང་སྣང་དུ་བཞུགས། གཞན་ས་བཅུའི་སེམས་དཔས་ཀྱང་མི་མཐོང་བའོ། །དེ་ཉིད་ལས་ཉིད་རིན་པོ་ཆེ་ལོངས་སྐུ་ནམ་མཁའི་ཟླ་བ་ལྟ་བུ་ལས་མ་གཡོས་བཞིན་དུ་གདུལ་བྱའི་ཆུ་སྣོད་རྡུལ་སྙེད་དུ་སྤྲུལ་བའི་ཆུ་ཟླ་རང་ཤར་བ་ནི་ཚད་མ་མཆིས་ཤིང་བསམ་གྱིས་མི་ཁྱབ་པོ། །མགོན་པོ་ཁྱོད་ནི་སར་གནས་ཀྱི་སེམས་དཔའ་རྣམས་ལ་རྣམ་པར་སྣང་མཛད་དུ་སྣང་ཞིང་གསུང་གི་ཆོས་མི་སྟོན་པར་སྐུ་ཡི་ཆོས་རྣམས་མཇལ་བར་སྟོན་པ་དང་། རྣམ་པར་སྨིན་པའི་རིག་འཛིན་དང་། ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་རྣམས་ལ་དཔལ་ཆེན་པོར་སྣང་བས་དོན་མཛད་པ་དང་རྫོགས་ཆེན་པ་ཐ་མ་ལ་རང་བཞིན་སྤྲུལ་བའི་སྐུར་སྣང་བ་དང་། ཉན་ཐོས་རྣམས་ཀྱི་སྣང་ངོར་དགྲ་བཅོམ་པ་དང་། རང་རྒྱལ་ལ་བསེ་རུ་ལྟ་བུར་སྣང་བ་དང་། བདེ་ལྡན་པ་ལ་སྣང་བ་མཐའ་ཡས་དང་། མི་འཁྲུགས་པའི་ཞིང་དུ་མི་འཁྲུགས་པ་དང་། སྨན་བླའི་ཞིང་དུ་སྨན་གྱི་བླ་མ་དང་། སྟོང་གསུམ་མི་མཇེད་དུ་ཐུབ་པ་ཆེན་པོ་སྟེ་མཆོག་གི་སྤྲུལ་སྐུ་རྣམས་ཀྱི་མཛད་པ་བཅུ་གཉིས་བསྟན་པས་འགྲོ་བ་འདུལ་བ་དང་། གཞན་རིགས་དྲུག་གི་གནས་རྡུལ་སྙེད་དུ་འགྲོ་འདུལ་ཐུབ་པ་དྲུག་རྡུལ་གྲངས་དང་། རྒྱལ་ཆེན་རིགས་བཞིའི་ལྷའི་སྣང་ངོར་རྒྱལ་པོ་ཆེན་པོ་སྡེ་བཞི་དང་། སུམ་ཅུ་རྩ་གསུམ་པ་ལ་བརྒྱ་བྱིན། མཚེ་མ་ལ་མུ་ས་ལུ་དྷ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། གཟུགས་ཁམས་གནས་རིས་བཅུ་བདུན་དང་། གོ་ལའི་ཁྱོན་དང་། གསེར་རི་དང་རོལ་མཚོ་ལེགས་པ་རྣམས་སུ་རང་རང་གི་གཙོ་བོའི་རྣམ་པར་བསྟན་ནས་དོན་མཛད་པ་དང་། གླིང་བཞི་པ་ལ་གསེར་གྱི་འཁོར་ལོས་བསྒྱུར་བ་དང་། གཉིས་པ་ལ་དངུལ། གསུམ་པ་ལ་ཟངས། གཅིག་པ་ལ་ལྕགས་ཀྱི་འཁོར་ལོས་བསྒྱུར་བར་མཛད་པ་དང་། རིས་སུ་བྲིས་པ་དང་འབུར་དུ་དོད་པའི་བཟོ་སྤྲུལ་སྐུ་དང་། རྒྱལ་བློན་དང་སྐྱེས་པ་བུད་མེད་ཉ་བོ་ཆེ་སྲོག་ཆགས་དེས་པ་སོགས་སྤྲུལ་བའི་སྐུ་དང་། ནོར་བུ་དང་དཔག་བསམ་གྱི་ཤིང་དང་། ཉི་ཟླ་དང་ལམ་དང་སྐྱེད་མོས་ཚལ་དང་སྨན་དང་ཟས་གོས་ལོངས་སྤྱོད་ལ་སོགས་པར་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་འགྲོ་བ་གང་ལ་གང་འདུལ་དུ་སྣང་བར་མཛད་ནས་འགྲོ་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་ཆད་པ་མེད་པར་མཛད་ཀྱང་ཡེ་ཤེས་ཀྱི་བཀོད་པ་ལ་སྤྲོ་བསྡུ་དང་ངལ་དུབ་ཅི་ཡང་མེད་པར་ལྷུན་གྱིས་གྲུབ་པའི་སྐྱབས་མགོན་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ། ཕན་བདེ་མ་ལུས་པའི་འབྱུང་གནས་མཆོག་གི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་དྲུང་དུ། ཉིང་ལག་གི་འདབ་མ་བཅུ་བདེ་ཆེན་འཁོར་ལོར་ཆུ་སྐྱེས་གཞོན་ནུ་ཁ་མ་ཕྱེ་བ་ལྟར་བཀོད་ནས། དང་བའི་དད་པའི་བསིལ་ཟེར་ཅན་གྱི་དཀྱིལ་འཁོར་ཆ་ཤས་རྫོགས་པས་ཞུ་འབྲས། དེང་གི་ཆར་ཡང་རང་རེ་ཕྱོགས་འདིའི་གདུལ་བྱར་སྣང་བའི་སྐུ་བསོད་ནམས་ཆེན་པོ་མཆོག་ཏུ་བདེ་ཞིང་བགྲེས་རྒུད་མི་མངའ་ཞིང་མཐོང་ན་མི་མཐུན་པ་མེད་པ། གསུང་རྒྱུད་མངས་ཀྱི་རང་སྒྲ་མཆོག་ཏུ་སྙན་ཅིང་འགག་པ་མེད་པར་ཐོས་ཚད་ཀྱི་རྣ་བའི་བདུད་རྩིར་གྱུར་པ། ཐུགས་ཆོས་དབྱིངས་མཁའ་ལ་ཇི་ལྟ་བ་དང་ཇི་སྙེད་པའི་ཉི་ཟླ་གསལ་འགྲིབ་མེད་པར་ཤར་བས་གང་ལ་གང་འདུལ་བའི་ཐབས་དང་། དུས་དང་དབང་པོ་དང་ཁམས་རྣམས་ས་ལེར་མཁྱེན་པས་འགྲོ་བའི་དོན་ལ་རྒྱུན་ཆད་མེད་པར་འབབ་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམ་པ་ཀུན་ཏུ་བདེ་བ་ཆེན་པོར་བཞུགས་ངོས་ནས་བཀའ་འཕྲིན་དབྱར་གྱི་རྔ་གསང་སྤྱི་བོར་བསྩལ་པས་བདག་བློའི་རྨ་བྱ་དགའ་བའི་ཟློས་གར་ཅིར་ཡང་སྒྱུར་བཞིན་བདེ་བར་བདོག །མཚམས་ཞུ། ཆེད་དུ་གསོལ་བའི་སྙིང་པོ་དམ་པ་མཆོག་གིས་ཕྱོགས་བཅུ་སྤྲུལ་བའི་ཞིང་ཁམས་རྒྱ་མཚོ་ཉན་ཐོས་ཀྱི་རིགས་ཅན་རྣམས་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། རང་རྒྱལ་རྣམས་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་དང་། བྱང་སེམས་རྣམས་ལ་བདེན་པ་རྣམ་པ་གཉིས་དང་ས་བཅུ་ལམ་ལྔའི་ཆོས་སྟོན་ཅིང་། གཙང་སྦྲ་སྤྱོད་པ་ལ་ཕྱི་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་སྟོན་ཅིང་། སྤྲོས་པ་ཅན་ལ་བསྐྱེད་པ། སྤྲོས་པ་ཉུང་བ་ལ་རྫོགས་རིམ། ཤིན་ཏུ་སྤྲོས་པ་བྲལ་ལ་ངེས་གསང་རྫོགས་པ་ཆེན་པོ་བསྟན་ནས་བསྐལ་པ་ཆེན་པོ་བརྒྱད་དང་། གྲངས་མེད་གསུམ་དང་། བསྐལ་པ་སྟོང་དང་། སྐྱེ་བ་བཅུ་དྲུག་དང་བདུན་དང་། ཚེ་གཅིག་དང་། ལོ་བདུན་དང་། བཞི་དང་། གསུམ་ནས་མཐར་ཐུག་གི་འབྲས་བུ་བྱང་ཆུབ་གསུམ་དང་། སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་དུ་འཚང་རྒྱ་བའི་ཚུལ་དུ་མ་སྟོན་པ་དང་། གཞན་ཡང་ཕྱི་རོལ་བ་ལ་རིག་བྱེད་བཞི་ལ་སོགས་པ་དང་། ལྷ་དང་མི་ལ་དགེ་བ་བཅུ་དང་། བསམ་གཏན་བཞི་དང་གཟུགས་མེད་བཞི་སྟོན་པ་དང་། གནས་སྐབས་སུ་བདེ་བའི་ཕྱིར་སྨན་དང་ཟས་གོས་དང་གནས་མལ་དང་། གོ་ཁྲབ་དང་། ཉེ་བར་སྤྱད་པ་སྣ་ཚོགས་འདུ་བྱེད་པའི་ཐབས་དུ་མ་སྟོན་ཕྱིར་གང་ལ་གང་འདུལ་བའི་སྐུ་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་དང་། གསུང་བསམ་གྱིས་མི་ཁྱབ་སྣ་ཚོགས་པས་མཐའ་ཡས་པའི་འགྲོ་བ་གཅིག་ཀྱང་མ་ལུས་པར་དོན་དུ་མ་མཛད་པར་ཚུར་མཐོང་གི་བློས་དཔོག་པར་མི་ནུས་ཤིང་བརྗོད་པར་དཀའ་བ་དེ་དག་རྣམས་ལ་དཔག་མེད་ཡན་ལག་བཞི་ལྡན་གྱི་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །བདག་ཏུ་བཟུང་བ་དང་མ་བཟུང་བའི་ལྷ་དང་མིའི་མཆོད་སྤྲིན་སྟོང་གསུམ་རི་གླིང་བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་སྣ་བདུན་སོགས་དངོས་སུ་མཆིས་པ་དང་ཡིད་ཀྱིས་སྤྲུལ་བའི་མཆོད་པ་འབུལ་ལོ། །བདག་སོགས་འགྲོ་བའི་སྒོ་གསུམ་གྱི་སྒོ་ནས་ཐོག་མར་འཁྲུལ་བར་གྱུར་པ་ནས་ཐ་མ་རྣམ་སྨིན་གྱི་ལུས་ལ་བརྟེན་པ་དེ་སྲིད་དུ་སྡིག་པའི་ལས་ཅི་བགྱིས་རྣམས་མཐོལ་ལོ་བཤགས་སོ། །དེ་ལྟར་ཚངས་ཆེན་གྱི་བསྐལ་པ་བཀོད་ནས་འགྲོ་བ་ལ་སྨན་པའི་མཛད་པ་རྒྱ་ཆེ་བ་རྣམས་ལ་རྗེས་སུ་ཡི་རང་ངོ་། །སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་ཆོས་ཀྱི་འཁོར་ལོ་མཆོག་རྒྱུན་མི་འཆད་པར་བསྐོར་བར་བསྐུལ་ལོ། །ཇི་སྲིད་འཁོར་བའི་རྒྱ་མཚོ་ཆེན་པོ་མ་སྟོངས་པ་དེ་སྲིད་དུ་སྐུ་མཆོག་རྡོ་རྗེའི་ཁྲི་ལ་རྡོ་རྗེའི་ཁམས་སུ་རྟག་པར་བདེ་བ་ཆེན་པོར་བཞུགས་པར་གསོལ་བ་སྙིང་ནས་འདེབས། དེ་ལྟ་བུའི་དགེ་བའི་མཐུ་ལས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། འགྲོ་བ་སེམས་ཅན་རྣམས་ཀྱི་མ་རིག་འཁྲུལ་བ་དབྱིངས་སུ་ཟད་དེ་རང་རིག་བདེ་གཤེགས་སྙིང་པོའི་རང་ཞལ་མངོན་དུ་མཐོང་སྟེ་རང་བྱུང་གདོད་མའི་གཞི་ལ་གྲོལ་བའི་རྒྱུར་བསྔོ་བར་བགྱིའོ། །ཞེས་ཞུ་ཡིག་འདེགས་མཚོན་ལྷ་རེག་བཅས་ཟླ(༢)ཚེས(༡༡)དགེ་བར་རྫོགས་ཆེན་པ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་སྒོ་གསུམ་གུས་པ་ཆེན་པོས་ཕུལ།

རྩོམ་སྒྲིག་པ། ཀློང་གསལ།

47.2K