༄༅། །གྲུབ་དབང་པདྨ་རང་གྲོལ་གྱིས་༧འགྲོ་མགོན་ཞབས་དཀར་པ་ཚོགས་དྲུག་རང་གྲོལ་མཆོག་ལ་ཕུལ་བའི་གསུང་འཕྲིན་ཚན་གཉིས་བཞུགས་སོ། །

༈ རྗེ་དུས་གསུམ་རྒྱལ་བ་མ་ལུས་པའི། །སྐུ་གསུང་དང་ཐུགས་ཡོན་འཕྲིན་ལས་ཀྱི། །དཔལ་མཛད་པ་གཅིག་བསྡུས་རིགས་ཀྱི་བདག །ཕ་ཚོགས་དྲུག་རང་གྲོལ་ཞབས་དྲུང་དུ། །བུ་པདྨའི་མིང་འཛིན་བྱ་བྲལ་བ། །རྨ་པད་ཅན་ཚོགས་ཀྱི་རྗེ་བོ་དེས། །ཡིད་སྒོ་གསུམ་མི་ཕྱེད་འདུན་པ་ཡིས། །ཚིག་གསོལ་འདེབས་ཀྱི་ཕྲེང་བ་དབྱངས་སུ་འཛེར། །དོན་གསང་གསུམ་འགྱུར་མེད་རྡོ་རྗེའི་ཁམས། །ཚུལ་ལྟར་སྣང་གི་རྐྱེན་གྱིས་གཞིག་མེད་ཀྱང་། །དེང་གདུལ་བྱ་ཡི་མོས་སྣང་རགས་པའི་སྐུ། །ཁམས་དྭངས་ཤིང་ལང་ཚོ་བརྟས་ལགས་སམ། །འདིར་བུ་སྨྱོན་འབྱུང་འདུས་སྒྱུ་མའི་ལུས། །མགོན་བླ་མ་མཆོག་གི་ཐུགས་རྗེ་ཡིས། །ཁམས་བདེ་ཞིང་དགེ་བློ་མ་དོར་བར། །ཡིད་རྩེ་གཅིག་གསོལ་བ་འདེབས་བཞིན་བདོག །སླར་ཆེད་གསོལ་སྤྱི་སྒོས་བསྟན་འགྲོ་ཡི། །བདེ་ལེགས་ཀྱི་པད་ཚལ་རྒྱས་བྱེད་པའི། །སྔོན་མེད་ཀྱི་གཟུགས་སྐུ་ཉིན་བྱེད་དབང་། །ཐུན་མོང་དུ་སྡེ་སྣོད་རྣམ་གསུམ་དང་། །ཐུན་མིན་གྱི་བསྐྱེད་རྫོགས་རྣམ་གསུམ་གྱི། །འཕྲིན་ལས་ཀྱི་ཟེར་སྟོང་སྤྲོ་བཞིན་ནས། །གཞེས་པ་ཡི་གཏམ་སྙན་རྒྱུད་མངས་སྒྲས། །ཁོ་བོ་ཅག་ཡིད་དབང་རི་དྭགས་ཚོགས། །ཐར་བ་ཡི་ནགས་ཚལ་སྟུག་པོ་རུ། །འགུགས་པ་ཡི་དགེ་མཚན་འདི་ཀོ་རྨད། །སྔོན་ཆད་དུ་མགོན་ཁྱོད་རྗེས་བརྩེ་བས། །བསླབ་སྟོན་གྱི་རིམ་པ་དུ་མ་དང་། །ཁྱད་པར་དུ་ཆིབས་བསུའི་བཀོད་ཁྱབ་སོགས། །རྒྱ་ཆེ་བར་གནངས་ཀྱང་ཕྱོགས་འདི་རུ། །ལུག་ལོ་ནས་ད་ལ་ཐུག་གི་བར། །རྒྱ་བོད་ཀྱི་འཁྲུག་ཟིང་ངན་པ་དང་། །རང་བསྟན་སྲོལ་འབྱེད་ལ་ཨ་བྷྱ་ཡ། །ཀལ་པ་ཡི་མཚན་ཅན་གང་དེ་ནི། །ཙི་ན་ཡི་ཡུལ་གཞན་ལ་སྤྱུགས་ཤིང་། །ད་དུང་ཡང་ཞིང་འདིར་བཞུགས་མིན་གྱི། །སྟངས་ཆོད་ཙམ་མ་བྱུང་དེ་རྐྱེན་གྱིས། །ངེད་ཅག་གིས་བཀའ་ལུང་སྒྲུབ་རྒྱུས་དབེན། །བརྩེ་ཆེན་ནས་ཐུགས་ཚོམ་མི་གནང་བར། །དུས་གནས་ཀུན་ཐུགས་རྗེས་འདོར་མེད་དང་། །མདོ་སྨད་ཀྱི་བསྟན་འགྲོ་སྐྱོང་བ་ལ། །སྔོན་དུས་ཀྱི་ཐུགས་བསྐྱེད་སྨོན་འགྲུབ་པའི། །དུས་བབ་ལ་ཉེར་དགོངས་ཞབས་སྐྱེས་ཀྱི། །འཁོར་ལོ་ཡི་རེ་ཁ་དབང་ཕྱོགས་ཀྱི། །འཛིན་མ་ཡི་བཞིན་རས་ལ་འགོད་པའི། །རྟེན་འབྱུང་དེ་འགོག་མེད་ཅི་ནས་ཞུ། །རྟེན་མཚོན་དུ་རིན་ཆེན་གཉིས་པ་ཡི། །བཞིན་ལེགས་མ་ལྷ་རེག་མགུལ་དར་སྤྲས། །ཞུ་མཆིད་ཀྱི་དྲུག་ལྡན་གླུ་ལེན་བཞིན། །གྲུབ་མཆོག་གི་འདོད་གྲོགས་བསྙེགས་ཏེ་ཐལ། །ཞེས་པ་འདི་ནི་བུ་ཆེན་པདྨ་རང་གྲོལ་ནས་ཕུལ།

༈ རིགས་བརྒྱ་རིགས་ལྔ་ཡི་མངའ་བདག་རྡོ་རྗེ་འཛིན། །ངུར་སྨྲིག་གར་བསྒྱུར་གྱི་གྲུབ་པའི་དབང་ཕྱུག་མཆོག །ལྷར་བཅས་སྐྱེ་དགུ་ཡི་རྒྱན་གཅིག་རིན་པོ་ཆེ། །ཕ་གཅིག་བླ་མ་མཆོག་ཞབས་དྲུང་ག་ལ་བར། །རྣམ་གཡེང་འདི་སྣང་གི་བྱ་བས་དུས་འདའ་ཞིང་། །འདོད་ཡོན་དད་ཟས་ལ་བག་མེད་ལོངས་སྤྱད་ནས། །བཟང་རྫུ་སྣ་ཚོགས་ཀྱིས་མི་མགོ་སྐོར་མཁས་པའི། །རྨོངས་རྟུལ་སློབ་ངན་དེས་གུས་པས་མཆིད་འདི་གསོལ། །གང་ཁྱོད་དེང་དུས་སུ་སྔོན་སྨོན་རླབས་ཆེན་མཐུས། །བཤད་སྒྲུབ་ཟུང་ལྡན་གྱི་མཛད་བཟང་འོད་སྣང་གི། །སྲིད་གསུམ་འགྲོ་རྣམས་ཀྱི་རྨོངས་མུན་ཡོངས་བཅོམ་ཞིང་། །ཐུབ་བསྟན་ལྷ་ལམ་གྱི་རྒྱན་དུ་ལྷམ་མེར་གསལ། །བུང་བ་ལྟར་གནག་གི་རལ་པའི་ཅོད་པན་སྤུད། །ཞལ་དཀྱིལ་རབ་མཛེས་དེ་མཐོ་དམན་སུས་མཐོང་ཡང་། །དབང་མེད་དད་གུས་ཀྱི་སྤུ་ལོང་རབ་ཏུ་གཡོ། །གང་སྐུ་རབ་མཛེས་དེ་དྲན་ནོ་ནམ་མཇལ་ཨང་། །སྙན་འཇེབས་གསུང་དབྱངས་དེ་པི་ཝང་ལྟ་བུར་སྙན། །མདོ་སྔགས་ཟབ་རྒྱས་ཀྱི་ཆོས་རྣམས་གདུལ་བྱ་ཡི། །རང་རང་བློ་ནུས་དང་འཚམ་པར་སྟོན་མཁས་རྗེ། །གང་གསུང་དབྱངས་སྙན་དེ་དྲན་ནོ་ནམ་མཇལ་ཨང་། །འཁོར་འདས་ཆོས་རྣམས་ཀྱི་དེ་ཉིད་ཐུགས་སུ་ཆུད། །ཇི་ལྟ་ཇི་སྙེད་ཀྱི་མཁྱེན་དཔྱོད་མཁའ་ལྟར་ཡངས། །ལུས་ཅན་སྐྱེ་དགུ་ལ་བྱམས་བརྩེའི་སྤྲིན་ཕུང་གཏིབས། །གང་ཐུགས་བརྩེ་ཆེན་དེ་དྲན་ནོ་ནམ་མཇལ་ཨང་། །རང་གཞན་གྲུབ་མཐའ་ཡི་བྱེ་བྲག་མ་འདྲེས་དགོངས། །དྲང་ངེས་དབྱེ་འབྱེད་ཀྱི་མདོ་སྔགས་དགོངས་དོན་མཁྱེན། །སྒོམ་བྱུང་ཤེས་རབ་མེས་མཐར་འཛིན་བུད་ཤིང་བསྲེགས། །ཡོན་ཏན་རྒྱ་མཚོ་མངའ་དྲན་ནོ་ནམ་མཇལ་ཨང་། །ལས་བཞིའི་འཕྲིན་ལས་ཀྱི་སྒྱུ་འཕྲུལ་རོལ་པ་ཡིས། །སྙིགས་དུས་བསྟན་འགྲོ་ཡི་རྒུད་པ་ཀུན་བཅོམ་ནས། །ཐབས་མང་སྣ་ཚོགས་ཀྱིས་བསྟན་འགྲོའི་ཕན་བདེ་སྤེལ། །རླབས་ཆེན་འཕྲིན་ལས་བདག་དྲན་ནོ་ནམ་མཇལ་ཨང་། །མགོན་ཁྱོད་གསང་གསུམ་གྱི་ཡོན་ཏན་དཔག་ཡས་རྣམས། །ཀུན་མཁྱེན་སངས་རྒྱས་དང་རྣམ་དབྱེར་མ་མཆིས་ཤིང་། །རྩ་གསུམ་སྤྲོ་བསྡུ་ཡི་བྱེད་པོ་དྲིན་ཅན་རྗེ། །ཡང་ཡང་སྙིང་ནས་དྲན་ཁྱོད་ཞལ་ནམ་མཇལ་ཨང་། །གནས་ཆེན་དུ་མ་ནས་སྔ་ཕྱི་རིམ་ཅན་དུ། །བཀའ་འཕྲིན་རྟེན་ལྡན་དང་ལེགས་བཤད་རྨད་བྱུང་སོགས། །བརྩེ་བས་བསྩལ་བ་རྣམས་ཉམས་བྲལ་སྤྱི་བོར་འབྱོར། །དངོས་མཇལ་ལྟ་བུ་ཡི་སྤྲོ་དགའ་མཆོག་ཏུ་འཕེལ། །འདིར་གནས་ཕྲན་བུ་ཡང་གང་ཁྱོད་ཐུགས་རྗེ་ཡིས། །འབྱུང་ལུས་བདེ་ངོས་ནས་བྲག་དཀར་དབེན་གནས་སུ། །ལོ་གསུམ་མཚམས་སྒྲུབ་ལ་བསྙད་བཏགས་བག་ཕབ་ནས། །གང་ནུས་དགེ་སྦྱོར་ལ་འབད་བཞིན་བདེ་བར་གནས། ། མཚམས་ཞུ། ཉོན་མོངས་བྲན་ཁོལ་གྱི་པདྨ་རང་གྲོལ་བདག །སྔོན་སྨོན་མཚམས་སྦྱོར་གྱིས་ཁྱོད་ཀྱི་སློབ་བུར་གྱུར། །ལུགས་གཉིས་ཀྱིས་བསྐྱངས་ཀྱི་བཀའ་དྲིན་གཞལ་དུ་མེད། །བསམ་ཀྱིན་བཀའ་དྲིན་རང་ཆེའོ་ཐུགས་རྗེ་ཅན། །ད་དུང་དམ་ཆོས་ཀྱི་བཀའ་དྲིན་ཞུ་འདོད་ཀྱང་། །གནས་དུས་ཡུལ་དབང་གིས་བསྐལ་འདིས་ཡི་རེ་མུག །ཞལ་དཀྱིལ་ཡང་ཡང་དུ་མཇལ་བར་འདོད་ན་ཡང་། །ས་ཐག་རྒྱང་རིང་དུ་བཞུགས་པས་ཡིད་རེ་སྐྱོ། །ཕ་རྒན་ངག་གི་དབང་མཁའ་སྤྱོད་ཞིང་དུ་གཤེགས། །དྲིན་ཅན་བླ་མ་ཁྱོད་དབུས་གཙང་གནས་སུ་ཕེབས། །མགོན་མེད་སྐྱབས་མེད་བདག་མཐའ་འཁོབ་ས་འདིར་ལུས། །ཕས་བོར་མས་སྟོར་འདྲའི་དྭ་ཕྲུག་འཁྱམ་པོ་ངས། །མི་མཁས་མཁས་ཁུལ་གྱི་འཆད་རྩོད་ལྟར་སྣང་བྱས། །མ་གྲུབ་གྲུབ་རྫུ་ཡིས་ཐོ་ཅོའི་བརྟུལ་ཞུགས་བསྐྱངས། །རང་ལུས་དབེན་པར་གནས་སེམས་ཉིད་ཡུལ་ཕྱིར་འབྲང་། །ཕྱི་རུ་ཆོས་པའི་གཟུགས་ནང་དུ་ཐ་མལ་བ། །ཕྱི་ན་རྒྱུ་འབྱོར་གྱི་དངོས་པོ་གསེར་བཞིན་དཀོན། །ནང་དུའང་ཉམས་རྟོགས་ཀྱི་ཡོན་ཏན་རི་བོང་རྭ། །གསང་བ་ཉོན་མོངས་ཀྱི་རྟོག་ཚོགས་མཚོ་ལྟར་བརྡོལ། །འདི་ཕྱི་གཉིས་མེད་བདག་ཁྱོད་དྲུང་མ་ལྷགས་དོན། །སྟོད་སྨད་ཀུན་ཉུལ་ནས་དབང་ལུང་ཁེ་ཚོང་གི། །ངལ་བ་ལྷུར་ལེན་གྱི་ཐབས་སོགས་བྱེད་མ་སྤྲོ། །རྐང་འགྲོས་ཕྱིན་པ་ཡི་སྙིང་སྟོབས་དང་མ་ལྡན། །ཕྲན་བུས་གནས་ཚུལ་གྱི་འཕྲོས་དོན་ཞུས་པ་ལགས། །རྟ་བདུན་བདག་པོ་དེ་ནམ་མཁར་གནས་ན་ཡང་། །འོད་ཟེར་ཕྲེང་བ་ཡིས་པད་དཀར་བཞད་པར་བྱེད། །བྱམས་བརྩེའི་མངའ་བདག་ཁྱོད་རྒྱང་རིང་བཞུགས་ན་ཡང་། །གུས་ལྡན་བུ་ངན་བདག་ཐུགས་རྗེས་འཛིན་ནམ་སྙམ། །ཡིད་འོང་པད་དཀར་གྱི་གེ་སར་བཞད་མི་བཞད། །འཛམ་གླིང་ཉི་མ་ཡིས་རྒྱག་ལུགས་དེ་ལ་རག །ཉམ་ཆུང་ཁོ་བོ་ཡི་སྐྱིད་སྡུག་ལེགས་ཉེས་ཀུན། །དྲིན་ཅན་བླ་མ་ཡི་ཐུགས་རྗེ་ཉིད་རང་མཁྱེན། །མདོ་སྨད་བྱང་ཕྱོགས་འདིར་བསྟན་འགྲོའི་དཔལ་མགོན་དུ། །མྱུར་བར་འབྱོན་རྒྱུ་ཡི་བཀའ་དྲིན་ཅིས་ཀྱང་སྐྱོངས། །སླད་མར་ཕན་བདེ་ཡི་རྩ་ལག་གང་སྐུ་མཆོག །མི་འགྱུར་རྡོ་རྗེ་ཡི་ཁམས་སུ་རྟག་བཞུགས་ནས། །ལུས་ཅན་མཐའ་དག་དང་བདག་ཅག་ལྟོས་བཅས་ཀུན། །ནམ་ཡང་དགོངས་ཀློང་ནས་འདོར་མེད་གནང་བ་མཁྱེན། །ཡིད་འོང་ཞུ་མཆིད་ཀྱི་དཔྱིད་ཀྱི་ཕོ་ཉ་ཁྱོད། །དབུས་གཙང་མ་ལ་ཡའི་རི་བོ་དེར་སོང་ལ། །རྗེ་བཙུན་བླ་མ་ཡི་མདུན་སར་འཁྲི་ཤིང་རྩེར། །དོན་ལྡན་དབྱངས་སྙན་གྱི་ཚིག་འདི་འབུལ་བར་མཛོད། །ཅེས་པ་འདི་ནི་བཀའ་དྲིན་མཚུངས་མེད་རྗེ་བཙུན་ཚོགས་དྲུག་རང་གྲོལ་རིན་པོ་ཆེ་དབུས་གཙང་དག་པའི་ཞིང་ན་བཞུགས་དུས་བྱ་བྲལ་པདྨ་རང་གྲོལ་གྱིས་དབེན་གནས་བྲག་དཀར་ནས་ཕུལ་བའོ། །

47.2K