༄༅། །འགྲོ་མགོན་ཞབས་དཀར་པ་ཚོགས་དྲུག་རང་གྲོལ་ལ་ཁྱུང་དགོན་སྤྲུལ་སྐུ་ཁྱབ་གདལ་ཀློང་ཡངས་ཀྱིས་ཕུལ་བའི་གསུང་འཕྲིན་ཚན་གསུམ་བཞུགས་སོ། །

༈ རིག་འཛིན་རྒྱལ་བ་རྣམས་ཀྱི་བྱིན་རླབས་མཐུས། །ཚོགས་དྲུག་ཞེན་པའི་ཀུན་རྟོག་རྒྱང་སྤངས་ཤིང་། །རང་གྲོལ་གདོད་མའི་གཞི་ལ་བྱང་ཆུབ་པའི། །བྱ་བྲལ་རྣལ་འབྱོར་ཆེན་པོར་གསོལ་བ་འདེབས། །ཟུང་འཇུག་མཐར་ཕྱིན་འགྱུར་མེད་རྡོ་རྗེའི་སྐུ། །རྟག་བརྟན་མི་འཇིགས་གདོང་ལྔའི་ཁྲིར་བཞུགས་ཏེ། །བདག་ཅག་གདུལ་བྱའི་མགོན་དང་དཔལ་གཅིག་པུར། །བཞུགས་ནས་ནམ་ཡང་འབྲལ་མེད་རྗེས་འཛིན་ཤོག །ཅེས་ཞབས་བརྟན་གསོལ་འདེབས་སྨོན་ཚིག་མྱུར་འགྲུབ་ཅེས་བྱ་བ་འདི་ནི་སྤྲུལ་མིང་ཁྱབ་གདལ་ཀློང་ཡངས་ཀྱིས་རི་ཁྲོད་བཀྲ་ཤིས་འཁྱིལ་བ་ནས་བྲིས་པའོ། །

༈ སྐྱབས་མཆོག་འཁོར་ལོའི་མགོན་པོ་རྗེ་བཙུན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་ཞབས་བརྟན་སྨོན་ཚིག་འཆི་མེད་ལྷ་ཡི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། ། ༀ་སྭ་སྟི། ཕུན་ཚོགས་ལེགས་བྱས་ཕུང་པོས་བསྐྲུན་པའི་སྐུ། །རཱ་གའི་ལྷུན་པོར་ཉིན་བྱེད་འཁྱུད་པ་བཞིན། །ལྟ་བས་མི་ངོམ་འགྲོ་བའི་གཉེན་གཅིག་པུ། །འཆི་མེད་ཚེ་དཔག་མེད་དེས་དགེ་ལེགས་སྩོལ། །གངས་ཅན་བསྟན་འགྲོའི་ལེགས་བྱས་ནོར་འཛིན་ལྟོར། །ཚེ་དབང་རིག་འཛིན་ཐུགས་རྗེའི་ས་བོན་འབྲས། །རབ་སྨིན་སྤྲུལ་པའི་སྐུ་མཆོག་ཡོངས་འདུའི་ལྗོན། །ཞབས་པད་རྡོ་རྗེའི་རང་བཞིན་བརྟན་གྱུར་ཅིག །སྤྱན་རས་གཟིགས་དང་འཇམ་དཔལ་བཤེས་གཉེན་མཆོག །མི་ལ་རས་པ་རྒྱལ་སྲས་ཐོགས་མེད་སོགས། །མདོ་སྔགས་བསྟན་པའི་གསལ་བྱེད་དུ་མ་ཡི། །སྐྱེས་རབས་རིན་ཆེན་ཕྲེང་ལ་གསོལ་བ་འདེབས། །དངོས་དང་ཉམས་ལས་སྙན་བརྒྱུད་གསུང་ངག་ལ། །དབང་བསྒྱུར་གྲུབ་པའི་གཙུག་རྒྱན་ལྕགས་ཟམ་རྗེ། །རིས་མེད་བསྟན་པའི་རྒྱལ་མཚན་སྒྲེང་བའི་ཆེད། །སྤྲུལ་པའི་ཟློས་གར་བསྒྱུར་ལ་གསོལ་བ་འདེབས། །མདོ་སྔགས་ཆོས་ཚུལ་རྒྱ་མཚོ་བསྲུབས་པ་ལས། །བྱུང་བའི་ལེགས་བཤད་ཟླ་མེད་འོད་སྟོང་ལྡན། །ལས་འཕྲོ་སྐལ་བཟང་མཁར་འཕགས་ཀུན་སྣང་གཟིས། །ཡིད་སྲུབས་སྨག་རུམ་འཇོམས་ལ་གསོལ་བ་འདེབས། །ཇི་ལྟ་ཇི་སྙེད་ཆོས་རྣམས་མ་ལུས་པ། །སྒྲིབ་བྲལ་ཐུགས་ཀྱི་མེ་ལོང་དྭངས་པའི་ངོགས། །ཤར་པའི་ལེགས་ཉེས་རྣམ་དབྱེ་ས་ལེར་གཟིགས། །འགྲན་པའི་ཟླ་དང་བྲལ་དེར་གསོལ་བ་འདེབས། །ཕྱིན་དྲུག་ལམ་གྱི་བགྲོད་པ་མཐར་ཕྱིན་ཅིང་། །བསྡུ་དངོས་བཞི་ཡིས་འགྲོ་བའི་དོན་མཛད་ནས། །ཀུན་གྱིས་འགྲོ་བའི་སྐྱབས་མགོན་དམ་པ་ཞེས། །སྙན་པས་ས་གསུམ་འགེངས་ལ་གསོལ་བ་འདེབས། །འཕོ་བ་ཆེན་པོའི་གཟུགས་སྐུ་ནོར་བུའི་ཏོག །ངུར་སྨྲིག་འཛིན་དང་གོས་དཀར་འཆང་བའི་སྡེའི། །གཙུག་རྒྱན་གར་དགུའི་ཉམས་ལྡན་ཧེ་རུ་ཀ །ཁྱབ་བདག་འཁོར་ལོའི་མགོན་པོར་གསོལ་བ་འདེབས། །སྲིད་ཞིའི་དྭངས་མ་ཚེ་བྱིན་འཁྲིགས་པའི་དབུས། །ལྔ་ལྡན་ཐིག་ལེར་འདྲིལ་བའི་བཅུད་བཟང་པོ། །གང་གི་གསང་གསུམ་ངོ་བོར་ཡོངས་སྨིན་ནས། །འཇིགས་བྲལ་རྡོ་རྗེའི་ཁམས་སུ་ལྷུན་གྲུབ་ཤོག །སྣང་སྲིད་དག་པ་རབ་འབྱམས་ཚེ་ཡི་ཞིང་། །སྣང་གྲགས་སྒྱུ་འཕྲུལ་ཚེ་ལྷར་འཆར་བའི་དབུས། །མགོན་ཁྱོད་འཆི་མེད་མགོན་པོའི་སྣང་བརྙན་དུ། །རྟག་བརྟན་རྡོ་རྗེའི་ཁྲི་ལ་བརྟན་བཞུགས་གསོལ། །ངོ་བོ་ཀ་དག་བདེ་བ་ཆེན་པོའི་ཀློང་། །རང་བཞིན་ལྷུན་གྲུབ་འགག་མེད་རང་རྩལ་ལས། །ཐུགས་རྗེ་རིན་ཆེན་འདོད་འཇོའི་བུམ་པ་བཟང་། །དངོས་གྲུབ་རྒྱ་མཚོའི་དཔལ་གྱིས་འཚོ་བར་ཤོག །ཐབས་ཤེས་བདེ་ཆེན་རོལ་པའི་ཆོ་འཕྲུལ་ལས། །ཤར་བའི་གསང་གསུམ་ཡེ་ཤེས་འཁོར་ལོའི་གར། །འཕོ་མེད་ཟག་བྲལ་ཁམས་སུ་ལེགས་གྱུར་ནས། །རྒྱུད་ལྔའི་འགྲོ་ཀུན་མ་ལུས་དེར་སྨིན་ཤོག །ལྷ་མཆོག་དུ་མས་རྗེས་བཟུང་ཆོས་ཀུན་ལ། །སྤོབས་པའི་གཟེངས་མཐོ་རྒྱལ་ཀུན་སྒྱུ་འཕྲུལ་གར། །གང་གིས་པདྨ་ཀཱ་རའི་ཟབ་གཏེར་བསྟན། །ས་ཆེན་ཁྱོད་ཀུན་འགེང་བར་རྒྱས་བྱིན་རློབས། །རྨད་བྱུང་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཆོས་ཅན་རྒྱུ་འབྲས་བསླུ་མེད་བདེན་པའི་མཐུས། །རྗེ་བཙུན་བླ་མའི་སྐུ་ཚེ་སྲིད་མཐའི་བར། །བརྟན་ཅིང་རྣམ་དཀར་མཛད་འཕྲིན་མཐར་རྒྱས་ཤོག །ལྷ་སྔགས་ཏིང་འཛིན་ཟབ་མོའི་བདེན་མཐུ་དང་། །མ་མགོན་ལ་སོགས་མཐུ་ལྡན་སྲུང་མའི་མཐུས། །མི་མཐུན་ཉེར་འཚེ་རྒུད་པ་ཀུན་བཅོམ་ནས། །ཞབས་པད་ལེགས་བརྟན་བཞེད་དོན་ལྷུན་གྲུབ་ཤོག །བདག་ཅག་གཡར་དམ་གཅིག་པའི་མཆེད་ལྕམ་ཚོགས། །འདུས་པར་བཅས་པའི་རྩེ་གཅིག་གསོལ་བཏབ་འབྲས། །དྲིན་ཅན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང་། །མཛད་འཕྲིན་ཡར་ངོའི་ཟླ་བཞིན་གོང་འཕེལ་ཤོག །ཅེས་པ་འདི་ཡང་ཁྱུང་དགོན་སྤྲུལ་སྐུ་ཁྱབ་གདལ་ཀློང་ཡངས་ཀྱིས་ཕུལ།

༈ ལྷ་མི་འགྲོ་བ་ཀུན་གྱི་ཟུར་ཕུད་ཀྱིས། །རྩེ་མོར་ཞབས་ཟུང་ཉིན་བྱེད་རྩིབས་སྟོང་གིས། །འཁོར་ལོའི་འོད་ཕྲེང་སྤྲོ་བས་ཕན་དང་བདེའི། །པད་ཚལ་རྒྱས་བྱེད་སྐྱབས་མཆོག་དམ་པའི་དྲུང་། །ཐ་སྙད་ཚིག་གི་སྒྲོ་འདོགས་མ་ཆོད་དང་། །ཟབ་རྒྱས་གདམས་པས་རང་རྒྱུད་མ་གྲོལ་བའི། །སློབ་འབངས་ཐ་ཤལ་སྤྲུལ་སྐུའི་མིང་འཛིན་གྱིས། །སྒོ་གསུམ་དད་པས་ཞུ་ཡིག་ཚིག་འདི་ཕུལ། །གང་སྐུའི་གསང་གསུམ་འཁོར་ལོའི་ཀུན་གསལ་རྒྱར། །བློ་ཆུང་ཞགས་པས་འཇལ་འདོད་བྱིས་བློས་ནོངས། །འོན་ཏང་ལྷག་བསམ་རྣམ་དག་མི་དམན་ཕྱིར། །ཆ་ཙམ་བརྗོད་ལ་ཐུགས་དགོངས་མི་ཁྲེལ་མཛོད། །མཛད་འཕྲིན་ཕ་མཐའ་བརྗོད་མེད་མཁའ་ཀློང་ནས། །བྱམས་དང་སྙིང་རྗེའི་ཟླ་ཉིའི་འོད་ཕྲེང་གིས། །བསྟན་འགྲོའི་ཕན་བདེ་ཀུ་མུད་འདབ་བརྒྱའི་ཚལ། །ཆེས་ཆེར་རྒྱས་མཛད་ཁྱེད་ལྷག་གཞན་ན་གང་། །སྔོན་མེད་ལེགས་བཤད་གསར་པའི་མཛོད་སྒོ་ཕྱེ། །སྐལ་ལྡན་ཡིད་ཀྱི་པདྨོའི་སྦུབས་རྒྱ་གྲོལ། །འདི་སྐབས་རྫོགས་ལྡན་གསར་པའི་དགའ་སྟོན་བཞིན། །སྟོན་མཛད་ཁྱེད་ཀྱི་དཔེ་ཟླ་གཞན་སུ་ཞིག །དེང་སྐབས་འགྲོ་བའི་སྐྱབས་གྱུར་ཕུལ་བྱུང་བ། །མཚན་དཔེའི་རྒྱན་ལྡན་རྡོ་རྗེའི་སྐུ་འདི་ཉིད། །མི་ཤིགས་ཞབས་པད་རྡོ་རྗེའི་ཁྲིར་བཞུགས་ནས། །མགོན་པོ་ཚེ་མཐའ་ཡས་པ་ལྟར་བཞུགས་ཞུ། །བདག་ཅག་མགོན་མེད་རྣམས་ཀྱི་མགོན་གཅིག་པུ། །བུ་གཅིག་མ་ལ་བརྩེ་བ་ཇི་བཞིན་དུ། །བརྩེ་ཆེན་ཐུགས་རྗེའི་མངའ་བདག་བླ་མ་རྗེ། །རྗེས་འཇུག་བུ་སློབ་རྣམས་ཀྱི་མགོན་ཉིད་དུ། །ནམ་མཁའ་ཇི་སྲིད་མ་ཟད་དེ་སྲིད་དུ། །མགོན་ཁྱོད་མཛེས་པའི་སྐུ་མཆོག་ཞབས་བརྟན་ནས། །ཟབ་རྒྱས་ཆོས་འཁོར་རྒྱ་ཆེར་སྐོར་བར་ཞུ། །སྔོན་བསགས་ལས་དང་སྨོན་ལམ་བཟང་པོའི་མཐུས། །ཤིན་ཏུ་མཇལ་དཀའི་བཤེས་གཉེན་ཁྱེད་དང་མཇལ། །ཟབ་རྒྱས་གསུང་གི་བདུད་རྩི་མང་ཐོབ་ཀྱང་། །སྔོན་གོམས་བག་ཆགས་ངན་པའི་མཐུ་བརྟས་པས། །རང་རྒྱུད་མ་ཐུལ་རྭ་ལྟར་གྱོང་བོར་ལུས། །དེ་ཕྱིར་ཐུགས་རྗེ་བརྩེ་བས་མི་འདོར་བར། །ལེགས་བཤད་ཞལ་གདམས་ཟབ་མོ་སྩོལ་བར་ཞུ། །སྒོ་གསུམ་གུས་པས་གསོལ་བ་བཏབ་པ་ལ། །གཡེལ་མེད་ཐུགས་རྗེས་མྱུར་གཟིགས་བཀའ་དྲིན་སྐྱོངས། །དམ་པའི་གསུང་བཞིན་དད་པའི་ཉེར་ལེན་གྱིས། །ཐ་མལ་རང་རྒྱུད་ཞིང་ས་གཤིན་པོ་ལ། །དགེ་བའི་ལོ་འབྲས་བྱང་ཆུབ་མ་ཐོབ་བར། །མི་བསྲུན་བར་ཆད་སད་སེར་མི་འབྱུང་བའི། །སྐྱབས་འཇུག་དམ་པ་ཐུགས་ལ་འཛིན་པར་ཞུ། །དེ་ལྟའི་ཞུ་ཡིག་སྦྲང་རྩི་འཛིན། །དྲང་གཏམ་འདབ་མ་རྣམ་རྒྱས་ཤིང་། །ལྷ་རྫས་ལོ་འདབ་གཡོ་བཞིན་དུ། །སྐྱབས་རྗེ་དམ་པའི་དྲུང་དུ་ཕུལ། །ཞེས་པ་འདི་ནི་ཁྱུང་དགོན་སྤྲུལ་སྐུས་ཕུལ།

རྩོམ་སྒྲིག་པ། ཀློང་གསལ།

47.2K