༄༅། །དགུ་རོང་སྣ་ཚོགས་རང་གྲོལ་གྱིས་༧འགྲོ་མགོན་ཞབས་དཀར་པ་ཚོགས་དྲུག་རང་གྲོལ་མཆོག་ལ་ཕུལ་བའི་གསུང་འཕྲིན་ཚན་གསུམ་བཞུགས་སོ། །

༈ མཁའ་ཁྱབ་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །སྙིགས་དུས་ངུར་སྨྲིག་གར་གྱི་རྣམ་རོལ་པ། །འདི་ཕྱི་གཏན་གྱི་སྐྱབས་མགོན་བླ་མ་རྗེའི། །ཞབས་ཟུང་གསེར་གྱི་འདབ་བརྒྱ་བཞད་དྲུང་དུ། །གུས་ཕྲན་ཆོས་མེད་སྐྱེས་རློམ་གྱི་ན་བས། །ལག་པད་བདེ་ཆེན་འཁོར་ལོར་ཟུམ་པ་དང་། །ལྷན་ཅིག་བདག་ལུས་བྱེ་བ་བརྒྱར་སྤྲུལ་ནས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི། །ཕྱི་ནང་སྲིད་ཞིའི་མཆོད་ཚོགས་དཔག་མེད་ནི། །ཀུན་བཟང་མཆོད་པའི་སྤྲིན་ལ་འགྲན་བཟོད་པ། །བློ་ཡིས་བླངས་ནས་མགོན་ཁྱོད་དགྱེས་ཕྱིར་འབུལ། །བདག་དང་མཁའ་ཁྱབ་འགྲོ་བ་ཐམས་ཅད་ཀྱིས། །མ་རིག་དབང་གིས་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་ཉེས་པའི་ཚོགས་རྣམས་མ་ལུས་པ། །སྙིང་ནས་འགྱོད་པ་དྲག་པོས་སྤྱན་སྔར་བཤགས། །འཕགས་ཆེན་རྒྱལ་སྲས་རྣམས་ཀྱི་རླབས་ཆེན་སྤྱོད། །འགྲོ་བའི་ལེགས་བྱས་དགེ་ཚོགས་ཅི་མཆིས་དང་། །ཁྱད་པར་མགོན་ཁྱོད་རྨད་བྱུང་མཛད་པ་ལ། །ཀུནྡ་ལྟར་དཀར་སེམས་ཀྱིས་རྗེས་ཡི་རང་། །གསེར་འཁོར་རྩིབས་སྟོང་རབ་དཀར་གཡས་འཁྱིལ་དུང་། །རིན་ཆེན་མཎྜལ་སྒོ་གསུམ་ལོངས་སྤྱོད་བཅས། །ཁ་ཞེ་ངོ་ལྐོག་མེད་པར་གུས་ཕུལ་ནས། །ཟབ་གསང་ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ། །བདག་སོགས་ཉམ་ཐག་གདུལ་བྱའི་ཞིང་མཆོག་ཏུ། །མགོན་ཁྱོད་གྲངས་མེད་བསྐལ་པ་རྒྱ་མཚོའི་བར། །འགྱུར་མེད་གདོང་ལྔས་བཏེགས་པའི་རྡོ་རྗེའི་ཁྲིར། །ནམ་ཡང་གཡོ་བ་མེད་པར་བཞུགས་གསོལ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུན། །མ་གྱུར་འགྲོ་བ་སེམས་ཅན་མ་ལུས་པ། །གཏན་བདེ་ཀུན་ཏུ་བཟང་པོའི་གོ་འཕང་མཆོག །འབད་རྩོལ་མེད་པར་མྱུར་དུ་ཐོབ་པ་དང་། །ཁྱད་པར་ཁྱེད་ཐུགས་བུམ་བཟང་ལས་འོངས་པའི། །ཟབ་ལམ་དབང་བཞིའི་བདུད་རྩིའི་ཆུ་རྒྱུན་གྱིས། །བདག་རྒྱུད་དད་པའི་ཞིང་ས་བརླན་བྱས་ཏེ། །ཟབ་ལམ་རྟོགས་པའི་མྱུ་གུ་སྨིན་ཕྱིར་བསྔོ། །རྒྱལ་ཀུན་འདུས་ཞལ་མགོན་པོ་ཁྱོད་ཉིད་ཀྱིས། །ཐུགས་རྗེ་བྱིན་རླབས་དབང་བཞི་རྟ་བདུན་གཟིས། །བདག་བློའི་སྒྲིབ་གཉིས་དྲི་མ་དྲུངས་ཕྱུང་ནས། །ཉམས་རྟོགས་འདབ་མ་ཁ་ཕྱེ་ཟེའུ་འབྲུའི་ལྟོར། །སྐུ་གསུམ་འབྲས་བུའི་བཅུད་བཟང་ཡོངས་འཁྱིལ་བའི། །བསྐལ་པ་བཟང་པོ་དུས་མི་རིང་བ་རུ། །ཆོས་མེད་ཉམ་ཆུང་སློབ་བུའི་ཐ་ཤལ་ལ། །སྩོལ་བའི་བཀའ་དྲིན་སྐྱོངས་ཤིག་སྐྱབས་མགོན་རྗེ། །མདོར་ན་དེང་ནས་བྱང་ཆུབ་སྙིང་པོའི་བར། །ཁྱེད་ལས་གཞན་པའི་སྐྱབས་གཞན་མ་མཆིས་པས། །ཚེ་རབས་ཀུན་དུ་ཇོ་འབྲོམ་ཡབ་སྲས་བཞིན། །སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག །སྐྱེ་བ་འདིར་ཡང་མགོན་ཁྱོད་མཛད་པ་བཞིན། །འདིར་སྣང་དགའ་མའི་བཞིན་ལ་མི་ཆགས་པར། །དབེན་པར་བསྒོམས་ནས་བྱམས་བརྩེའི་གཏེར་ཁ་རྡོལ། །འཁོར་འདས་སྣང་སེམས་དུ་མ་རོ་གཅིག་འདྲེས། །སྒོམ་མེད་ཀློང་དུ་མངོན་པར་བྱང་ཆུབ་སྟེ། །སྒྲུབ་པའི་འབྲས་བུ་བསྟན་དང་འགྲོ་བ་ལ། །དངོས་སམ་བརྒྱུད་ནས་ཕན་པ་འབྱུང་བ་དང་། །འཁོར་བ་མ་སྟོངས་བར་དུ་འགྲོ་བའི་དོན། །སྒྲུབ་ལ་ངལ་མེད་སྤྱན་རས་གཟིགས་མཚུངས་ཤོག །ད་རེས་གུས་འབངས་བདག་གིས་ཞུས་པའི་དོན། །མགོན་ཁྱོད་ཐུགས་ལས་གཡེལ་བ་མ་མཛད་པར། །རེ་བའི་འབྲས་བུ་དོན་དང་ལྡན་བྱེད་པའི། །དགའ་སྟོན་རིང་མིན་སྩོལ་ཅིག་འགྲོ་བའི་མགོན། །རྙོག་མེད་དད་པའི་ཆུ་མཚོ་ལས་འོངས་པའི། །ཞུ་མཆིད་དོན་བཟང་འོད་འབར་མ་ཎི་ཀ །དྲི་མེད་ལྷ་རྫས་གོས་ཀྱིས་ཉེར་བཀླུབས་ཏེ། །ཟླ་ཚེས་བཟང་པོར་མགོན་ཁྱོད་དྲུང་དུ་ཕུལ། །ཞེས་དགུ་རོང་སྐྱེས་མིང་སྣ་ཚོགས་རང་གྲོལ་ནས་ཕུལ་ལོ། །

༈ རིང་ནས་གོམས་པའི་ཐུགས་རྗེའི་ཆུ་རྒྱུན་གྱིས། །རང་བདེ་འདོད་པའི་ཡིད་ཀྱི་མེ་དཔུང་བཅིལ། །གཞན་ཕན་ཁུར་ཆེན་འདེགས་ལ་སྐྱོ་མེད་པའི། །རྒྱལ་སྲས་དཔའ་བོ་ཆེན་པོའི་ཞབས་དྲུང་དུ། །སྐྱེས་སྦྱངས་ཡོན་ཏན་དམན་པའི་གྱི་ན་བ། །དམ་པའི་མཚན་གྱིས་བྱིན་རླབས་གཞོན་ནུ་དེས། །སོར་བཅུའི་འདབ་མ་ཆོས་འཁོར་དངོས་ཟུམ་སྟེ། །རབ་གུས་དད་པའི་ཡིད་ཀྱིས་འདི་སྐད་གསོལ། །རབ་དཀར་ཚོགས་གཉིས་འོ་མའི་རྒྱ་མཚོ་ལས། །ལེགས་འཁྲུངས་མཚན་དཔེའི་སྐུ་མཆོག་འདབ་བརྒྱ་པ། །ལུང་རྟོགས་སྦྲང་རྩིར་འཁྱིལ་བའི་ཟ་མ་ཏོག །ལུས་ཅན་རྐང་དྲུག་ཡོངས་ཀྱི་ཉེར་འཚོ་རུ། །བརྟན་པར་བཞུགས་ལ་བདག་སོགས་དགའ་དད་ནི། །ཚད་མེད་གངྒཱའི་རྒྱུན་ལ་འགྲན་བཞིན་འཕེལ། །ད་དུང་བསྟན་དང་འགྲོ་ལ་སྨན་ཕྱིར་དུ། །རྡོ་རྗེའི་སྐུ་ལ་བགྲེས་ཚུལ་མི་མཛད་པར། །བདེ་ལྡན་ཞིང་མགོན་ཚེ་མཐའ་ཡས་པ་བཞིན། །བསྐལ་ཆེན་བྱེ་བར་གཡོ་མེད་བརྟན་པར་བཞུགས། །ཉམས་རྟོགས་རྐང་ལག་ཆེས་ཕྲའི་བུང་བ་བདག །མགོན་ཁྱོད་ལུགས་གཉིས་པད་བཅུད་ཀྱིས་བསྐྱངས་མཐུས། །རང་ནུས་གང་འཚམ་དགེ་འབྱོར་སྨན་ལྗོངས་ན། །དགའ་སྤྲོའི་འཕུར་ལྡིང་གཡོ་བཞིན་བདེ་བར་བདོག །པདྨའི་རྒྱལ་ཚབ་འཇིགས་མེད་གླིང་པ་ཡི། །ཐུགས་བཅུད་བླ་མ་རིག་འཛིན་འདུས་པ་དང་། །འཕགས་མ་བདེ་ཆེན་ཡེ་ཤེས་རྒྱལ་མོ་ཡི། །དབང་བཞི་བདུད་རྩིས་བདག་རྒྱུད་སྨིན་པ་དང་། །ཁྱད་པར་ཁྱོད་ཐུགས་དཔལ་གྱི་བེའུ་ལས། །བྱུང་བའི་རྒྱལ་ཀུན་དགོངས་བཅུད་ཟབ་མོའི་དོན། །མགྲིན་པར་བཏེགས་ནས་རྡོ་རྗེ་གླུ་དབྱངས་སུ། །བླངས་པའི་རྨད་བྱུང་ལེགས་བཤད་ཅི་མཆིས་པའི། །བཀླགས་ལུང་གྲུ་ཆར་གདུལ་བྱའི་འཛིན་པ་རུ། །རིང་མིན་ཉིད་དུ་འབེབས་པའི་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་དོན་གྱི་འབྲས། །དུས་ལས་ཡོལ་མེད་མཛོད་ཅིག་སྐྱབས་མགོན་རྗེ། །མགོན་ཁྱོད་ཐུགས་རྗེའི་བྱིན་རླབས་ནགས་ཀློང་དུ། །འཁོད་པའི་ཉམས་རྟོགས་ཞན་པའི་མགྲིན་སྔོན་རྣམས། །དམ་ཆོས་ཆར་གྱི་བཏུང་བར་རེ་བ་ལས། །གཞན་དུ་གཡེང་བའི་གོ་སྐབས་མ་མཆིས་སོ། །མདོར་ན་དེང་ནས་སྐྱེ་བའི་ཕྲེང་བ་རུ། །ཁྱོད་ལས་གཞན་པའི་སྐྱབས་གཞན་མ་མཆིས་ན། །བརྩེ་ཆེན་ཁྱོད་ཀྱིས་བརྩེ་བས་རྗེས་བཟུང་ནས། །བྱང་ཆུབ་མ་ཐོབ་བར་དུ་བདག་སྐྱོངས་ཤིག །དེ་ལྟར་ཞུ་ཚིག་དབྱངས་སྙན་སྒྲོགས་པ་ཡིས། །ལྷ་རྫས་གཤོག་ཟུང་བསྐྱོད་པའི་བྷྲ་མ་ར། །རབ་ཏུ་དགའ་བའི་འཕུར་ལྡིང་གཡོ་བཞིན་དུ། །ཁྱོད་དྲུང་པད་དཀར་སྐྱེད་ཚལ་བསྙེགས་ཏེ་སོང་། །ཞེས་དགུ་རོང་སྤྲུལ་མིང་པས་སྒོ་གསུམ་གུས་པས་ལྷ་ཕྱག་གྲངས་མེད་དང་བཅས་ཏེ་ཟླ་ཚེས་བཟང་པོར་ཕུལ་བའི་ཞུ་ཡིག་ལགས།

༈ རླབས་ཆེན་ཚོགས་གཉིས་གསེར་ལྡན་ལྟོ་ལས་འཁྲུངས། །ཕྱིན་དྲུག་བསྡུ་བཞིའི་ཁོ་ལག་ཡོངས་རྫོགས་ཤིང་། །སྒྲིབ་གཉིས་རང་སར་གྲོལ་བའི་འབྲས་བཟང་གིས། །ཉེར་དུད་བཀའ་དྲིན་མཚུངས་མེད་བླ་མའི་དྲུང་། །ཆུང་ནས་གཅེས་པར་བསྐྱངས་ཤིང་རྗེས་བཟུང་ནས། །བླང་དོར་གནས་ཀུན་གསལ་བར་ལེགས་བསྟན་ཀྱང་། །ད་དུང་ཆོས་སྲིད་ཁོ་ལག་མ་རྫོགས་པའི། །གུས་ཕྲན་སྤྲུལ་མིང་པ་དེས་འདི་སྐད་གསོལ། །ཚོགས་གཉིས་རིན་ཆེན་ཁམས་ལས་གྲུབ་ཅིང་གདུལ་བྱ་གླིང་བཞིའི་དབུས་ན་མཛེས། །སྤངས་རྟོགས་ཡོན་ཏན་ཚོགས་ཀྱིས་མཐོ་བའི་བུ་སློབ་གསེར་རིའི་ཕྲེང་བས་བསྐོར། །རྨད་བྱུང་མཚན་དཔེ་ཉི་ཟླའི་རྒྱན་གྱིས་ཉེར་མཛེས་གང་སྐུ་ལྷུན་པོ་དེ། །བརྟན་སྲིད་རྒྱ་མཚོའི་དབུས་ན་ལྷམ་མེར་གནས་དེར་བདག་ཡིད་མཆོག་ཏུ་དད། །ཡན་ལག་དྲུག་ཅུའི་གདངས་དང་ལྡན་པའི་སྙན་ཞིང་འཇེབས་པའི་གསུང་དབྱངས་སྒྲ། །གང་གི་རྣ་བར་ལྷུང་བའི་མོད་ལ་སྡིག་ཅན་ཤེས་རྒྱུད་གྱོང་རྣམས་ཀྱང་། །དད་པས་སྤུ་ལོང་གཡོ་ཞིང་མིག་ནས་མཆི་མ་འཁྲིགས་པ་སོགས། །གཞན་རྒྱུད་དབང་མེད་ཆོས་ལ་སྦྱོར་བའི་རྨད་བྱུང་མཛད་པར་རྗེས་ཡི་རང་། །གསལ་སྟོང་འཛིན་མེད་ཐུགས་ནི་ཀུན་གསལ་མཁའ་ལྟར་ཡངས་པའི་ཨ་དརྴ། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་གསལ་བར་འཆར་ཞིང་གང་འདུལ་གྱིས། །གཞན་དོན་འཕྲིན་ལས་མཛད་སོགས་ནམ་མཁའི་མཐའ་ལྟར་ཚད་གཟུང་དང་བྲལ་བའི། །གང་ཐུགས་གསང་བ་ཟབ་མོའི་ཡོན་ཏན་དྲན་ཚེ་ཤུགས་དྲག་དད་པ་གཡོ། །བདག་ཀྱང་མགོན་པོ་ཁྱོད་ཀྱི་ཐུགས་རྗེ་ལ། །བརྟེན་ནས་སྒྱུ་མའི་འདུ་ཕུང་བདེ་མུ་ནས། །རྣམ་དཀར་དགེ་བློའི་འདུན་པ་མ་བོར་བར། །རྣམ་གཡེང་འདུ་འཛིའི་ངང་ནས་བདེ་བར་བདོག ། མཚམས་ཞུ། ཚེ་དཔག་མེད་མགོན་ཡིད་བཞིན་འཁོར་ལོ་དང་། །འཆི་མེད་རིག་འཛིན་པདྨ་ཀཱ་ར་སོགས། །ཚེ་ཡི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་དང་། །རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་བདེན་སྟོབས་ཀྱིས། །སྣང་སྲིད་འཁོར་འདས་ཚེ་བཅུད་དྭངས་མའི་རྒྱུན། །གང་སྐུ་རིན་ཆེན་བཞུ་བླུགས་ཡོལ་གོ་རུ། །ལེགས་འཁྱིལ་བདག་སོགས་འགྲོ་བའི་སྐྱབས་མགོན་དུ། །བསྐལ་བརྒྱའི་བར་དུ་བརྟན་པར་བཞུགས་གསོལ་འདེབས། །དེང་དུས་གང་གི་ཐུགས་རྗེའི་ཉི་མའི་འོད་ཀྱིས་ཁྱབ་པ་ཡི། །གཡུ་རྩ་ལ་སོགས་ཕྱོགས་འདིའི་དད་ལྡན་འགའ་ཡི་འཛིན་མ་རུ། །གང་གསུང་སྤྲིན་བཅུད་བདག་གིས་སྙོམས་པར་ཕབ་པ་ལས། །དཀར་ཐིགས་ཆེ་ཆུང་མྱུ་གུ་ལེགས་འཁྲུངས་ཡིག་ཆུང་ནང་དུ་གསལ། །འདི་ལ་སོགས་པའི་བདག་གིས་བགྱིས་དང་བགྱི་བར་འགྱུར་བ་ཡི། །དགེ་རྩ་གང་དག་ཡོད་དོ་ཅོག་གི་ནུས་མཐུ་ལ་བརྟེན་ནས། །མགོན་ཁྱོད་བསྐལ་པ་རྒྱ་མཚོའི་བར་དུ་བརྟན་པར་ལེགས་བཞུགས་ནས། །བདག་སོགས་དེང་ནས་བཟུང་སྟེ་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །ནམ་ཡང་འབྲལ་བ་མེད་པར་ཐུགས་རྗེའི་ལྕགས་ཀྱུས་འཛིན་པ་དང་། །བདག་ལ་དངོས་པོ་ཆེ་ཆུང་གང་གི་འབྲེལ་བ་ཐོགས་པ་ཡི། །རེ་ཞིང་ལྟོས་པའི་གསོན་གཤིན་ཇི་སྙེད་མཆིས་པ་ཀུན། །རྣམ་མཁྱེན་གོ་འཕང་མཆོག་དེ་རིང་པོ་མ་ཐོགས་པར། །ཐོབ་པའི་སྐྱབས་འཇུག་དུས་རྣམས་ཀུན་དུ་འདོར་མེད་མཁྱེན། །དེ་ལྟའི་ཞུ་ཆུང་བྷྲ་མ་ར། །ལྷ་རྫས་གཤོག་ཟུང་རབ་གཡོ་ཞིང་། །སྙན་ཚིག་དར་དིར་སྒྲོགས་པ་ཞིག །ཁྱེད་དྲུང་པདྨོའི་ཚལ་དེར་འཕུར། །ཞེས་པ་འདི་ནི་དགུ་རོང་སྤྲུལ་མིང་ནས་རབ་དཀར་ལྷ་རྫས། དཱ་བུ་དམར་པོ་འདོམ་བརྒྱད་མ་ཉི་ཤུ་ཐམ་པ། ཇ་ནག་གཉིས། མཛོ་གཅིག་བཅས་ཕུལ།

47.2K