༄༅། །རོང་ཟོམ་འགྱུར་གསར་རྙེད་བཞུགས་སོ། །

གདོད་ནས་རྣམ་དག་ཡེ་ཤེས་མི་གཡོའི་དཔལ། །ཆོས་ཀུན་ཡོངས་རྫོགས་བདེ་ཆེན་སྒྱུ་མའི་སྐུ། །དམིགས་མེད་གདུལ་བྱ་ཀུན་འདུལ་འཇིགས་བྱེད་ཆེ། །སྤྲོས་བྲལ་གཅེར་བུ་དཔའ་བོ་ཆེ་ལ་འདུད། །བཏང་སྙོམས་ལས་གྲོལ་སྐུ་གསུང་ཐུགས་འབར་བས། །མ་འགགས་འོད་གསལ་མཉམ་ཉིད་སྙིང་རྗེའི་མཆོག །སྤོང་ལེན་མེད་པའི་ཞིང་ཁམས་རྣམ་དག་པ། །གཞལ་ཡས་གནས་མཆོག་དུར་ཁྲོད་བརྒྱད་དང་བཅས། །འདོད་ཡོན་བདུད་རྩི་ལ་སོགས་མཆོད་པའི་སྤྲིན། །གསལ་ལ་མེ་འདྲ་ཆོས་ཀུན་ཡོངས་རྫོགས་དཔལ། །སྣ་ཚོགས་རླུང་གཡོས་པད་སྟེང་ཉི་ཟླའི་སྟེང་། །ཕྲིན་ལས་ཀུན་རྫོགས་མཛད་མཁན་ཁྱོད་ལ་འདུད། །འཁོར་འདས་ཀུན་རྫོགས་འཇིགས་བྱེད་མ་ཧེའི་ཞལ། །སྟེང་ཞལ་དམར་རྔམ་གསེར་མདོག་གཞོན་ནུའི་ཚུལ། །གཡས་ཞལ་མཐིང་ཁ་དམར་སྨུག་སེར་པོའི་འོད། །གཡོན་ཞལ་དཀར་ཞིང་དུད་ཁ་ཤིན་ཏུ་གནག །སྤྱན་རྣམས་དམར་ཟླུམ་མཆེ་གཙིགས་ཐོད་ཕྲེང་རྒྱན། །ཞལ་བགྲད་ལྗགས་འདྲིལ་ཤངས་ནས་མེ་རླུང་འཁྱུག །ཧཱུཾ་ཧཱུཾ་ཕཊ་ཕཊ་གདངས་སྒྲས་སྟོང་གསུམ་གཡོ། །རིགས་ལྔའི་བདག་ཉིད་ཆེན་པོ་ཁྱོད་ལ་འདུད། །གདུལ་བྱ་ཡལ་བར་མི་འདོར་འདུལ་དོན་དུ། །ཕྱག་གཉིས་ཟུང་འཇུག་ཀོ་རློན་བརྒྱངས་ནས་གྱོན། །གཡས་ཀུན་རྡོ་རྗེས་མཚོན་པའི་གྲི་གུག་དང་། །མཚོན་རྩེ་གཅིག་པ་གཏུན་ཤིང་ཆུ་འབབ་གྲི། །རྡོ་རྗེ་རྩེ་གཅིག་སྟྭ་རེ་མདུང་དང་མདའ། །ལྕགས་ཀྱུ་དབྱུག་ཏོ་འབར་བའི་ཁ་ཊྭཱཾ་ཀ །འཁོར་ལོ་རྡོ་རྗེ་མི་ཟད་ཐོ་བ་འཕྱར། །རལ་གྲི་རྔེའུ་ཆུང་སྣ་ཚོགས་སྒྲ་སྒྲོག་རྣམས། །གཡོན་ཀུན་ཐོད་རློན་ཁྲག་བཀང་ཚངས་པའི་མགོ། །སྐྱོབ་བྱེད་གོ་ཆ་རྐང་པ་ཞགས་པ་གཞུ། །སྒྱུ་མའི་འཁྲུལ་འཁོར་གྷནྡྷེ་ལག་པ་དང་། །ཞིང་དབྱུག་མདུང་གིས་ཕུག་པའི་མི་དང་བཅས། །མི་ཡི་དཔུང་ཐོད་དུམ་ཕྲེང་སྡིགས་མཛུབ་སྒྲེང་། །རྒྱལ་མཚན་དང་ནི་འཕྱར་དར་ཆེན་པོ་བསྣམས། །དྲེགས་པ་ཀུན་གྱི་མཚོན་ཆ་སྣ་ཚོགས་ཀྱིས། །བདུད་ཀྱི་གཡུལ་ངོ་བཟློག་མཛད་ཁྱོད་ལ་འདུད། །འཇིག་རྟེན་ཁམས་གསུམ་ཟིལ་གནོན་དབང་སྡུད་ཕྱིར། །གཡས་པའི་ཞབས་ཀྱིས་མི་དང་མ་ཧེ་ཆེ། །གླང་ཆེན་བོང་བུ་རྔ་མོ་ཁྱི་དང་ལུག །ཝ་ཡི་གཟུགས་འཛིན་དྲེགས་པའི་ཚོགས་གནོན་ཅིང་། །གཡོན་པའི་ཞབས་ཀྱིས་བྱ་རྒོད་འུག་པ་དང་། །བྱ་རོག་ནེ་ཙོ་ཧོར་པ་ཁྱུང་ཆེན་པོ། །དུར་ཁྲོད་རི་སྐེགས་ཀང་ཀའི་ཚོགས་གནས་པས། །འབྱུང་པོའི་གཙོ་བོ་དྲེགས་པའི་ཚོགས་འདུལ་ཞིང་། །རྡོ་རྗེ་གྱེན་བསྒྲེངས་ལྷན་ཅིག་སྐྱེ་དགའི་དངོས། །བླང་དོར་མེད་པའི་ངོ་བོ་ཉིད་སྐུ་ཡིས། །ང་རྒྱལ་དྲེགས་པའི་ཚོགས་འཇོམས་ཁྱོད་ལ་འདུད། །ཁྱོད་ནི་འཇིག་རྟེན་ཀུན་གྱི་སྟོན་པ་སྟེ། །འཇིག་རྟེན་སྣང་བར་བྱ་ཕྱིར་སྣ་ཚོགས་སྤྲུལ། །ལ་ལར་ཞི་ཞིང་ལ་ལར་ཁྲོ་བོར་སྟོན། །ལ་ལར་སྟོང་ཞིང་ལ་ལར་ཆོས་ཀུན་སྒྲོགས། །ལ་ལར་ཚངས་པ་འབུམ་པས་ལྷག་པར་སྟོན། །ལ་ལར་དབང་ཕྱུག་འབུམ་པས་གཟི་བརྗིད་འབར། །ལ་ལར་ཆེ་བས་ཆེ་བའི་དཔུང་འཇོམས་པའི། །མཉམ་ཉིད་སྟོན་པའི་མཆོག་ཆེན་ཁྱོད་ལ་འདུད། །

སློབ་དཔོན་དངོས་གྲུབ་བརྙེས་པ་ཆེན་པོ་པདྨ་ཤྲཱི་མི་ཏྲ་ཞེས་བྱ་བ་ཨོ་རྒྱན་པ་ཆེན་པོ་ཞེས་བྱ་བས་མཛད་པ་རྫོགས་སོ། ། ། །རྒྱ་གར་གྱི་པཎྜི་ཏ་ཆེན་པོ་བྷྱེ་ན་ཚ་ཎ་དང་ལོ་ཙཱ་བ་རོང་ཟོམ་བན་དེ་ཆོས་ཀྱི་བཟང་པོ་ཞལ་སྔ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །དགེའོ། ། ། །འདིའི་མ་དཔེ་འབྲས་སྤུངས་ཚོགས་ཆེན་སྟེང་གི་གནས་བཅུ་ལྷ་ཁང་མདོའི་དཔེ་མཛོད་དུ་བཞུགས་པའི་འཇམ་དབྱངས་རལ་གྲིས་བསྡུས་པའི་ཕྱག་དཔེའི་གྲས་སུ་སྣང་ངོ་། །  ། །

རྩོམ་སྒྲིག་པ།    གསང་སྔགས་ཐེག་མཆོག་རྡོ་རྗེ།

47.2K