༄༅། །མཁའ་འགྲོའི་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས་པ་དད་པའི་གདུང་དབྱངས་ཞེས་བྱ་བ་བཞུགས་སོ། །

༄༅། །ཨེ་མ་ཧོ། རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ། །སྒྲ་དབྱངས་རྒྱ་མཚོའི་མངའ་བདག་དབྱངས་ཅན་མ། །ཐུགས་རྗེས་འགྲོ་ཀུན་སྒྲོལ་མཛད་རྗེ་བཙུན་མ། །བོད་ལ་བཀའ་དྲིན་ཆེ་བའི་མཁའ་འགྲོ་མ། །རིག་འཛིན་པདྨའི་ཐུགས་འཛིན་དགྱེས་ཡུམ་མ། །བོད་འབངས་ཡོངས་ཀྱི་སྐྱབས་གཅིག་མ་ཅིག་མ། །གསང་སྔགས་ཟབ་མོའི་ཆོས་ཀྱི་འབྱུང་གནས་མ། །མཁྱེན་བརྩེ་ནུས་པ་མཆོག་གི་བདག་ཉིད་མ། །འཆི་མེད་ཚེ་མཆོག་གྲུབ་པའི་རིག་འཛིན་མ། །ས་ལམ་ཡོངས་སུ་རྫོགས་པའི་རྣལ་འབྱོར་མ། །སྙིང་རྗེས་གང་འདུལ་སྐུར་སྟོན་ཐབས་མཁས་མ། །གཞན་ཕན་མཁའ་དང་མཉམ་པའི་བདག་ཉིད་མ། །ཕྲིན་ལས་མུ་མཐར་ཁྱབ་པའི་རང་བཞིན་མ། །བོས་ན་ཐུགས་རྗེ་མྱུར་བའི་རྗེ་བཙུན་མ། །སྒྲུབ་ན་བྱིན་རླབས་ཆེ་བའི་མཁའ་འགྲོ་མ། །ཐུགས་རྗེས་མ་ལྟར་གཟིགས་པའི་དྲིན་ཆེན་མ། །སྐྱབས་གནས་ཀུན་འདུས་བདག་གི་མགོན་གཅིག་མ། །ཡེ་ཤེས་མཚོ་རྒྱལ་ཁྱེད་ལ་གསོལ་བ་འདེབས། །མཁའ་འགྲོའི་རྒྱལ་མོ་ཁྱོད་ལ་གསོལ་བ་འདེབས། །སྤྲུལ་པའི་དབང་མོ་ཁྱེད་ལ་གསོལ་པ་འདེབས། །མཐིང་འོད་འབར་མ་ཁྱེད་ལ་གསོལ་བ་འདེབས། །གུ་རུའི་གཟུངས་གཅིག་ཁྱེད་ལ་གསོལ་བ་འདེབས། །བརྒྱུད་འཛིན་ཡུམ་གཅིག་ཁྱེད་ལ་གསོལ་བ་འདེབས། །ཟབ་གཏེར་མཛོད་འཛིན་ཁྱེད་ལ་གསོལ་བ་འདེབས། །བྱིན་རླབས་མྱུར་འཇུག་ཁྱེད་ལ་གསོལ་བ་འདེབས། །དགོས་འདོད་དཔལ་མོ་ཁྱེད་ལ་གསོལ་བ་འདེབས། །འགྲོ་བའི་རེ་སྐོང་ཁྱེད་ལ་གསོལ་བ་འདེབས། །ཡིད་བཞིན་ནོར་བུ་ཁྱེད་ལ་གསོལ་བ་འདེབས། །ཐུགས་རྗེ་བསླུ་མེད་ཁྱེད་ལ་གསོལ་བ་འདེབས། །གཏན་གྱི་སྐྱབས་གྱུར་ཁྱེད་ལ་གསོལ་བ་འདེབས། །འཕྲལ་གྱི་གདུང་སེལ་ཁྱེད་ལ་གསོལ་བ་འདེབས། །འགྲོ་བའི་འདྲེན་མཆོག་ཁྱེད་ལ་གསོལ་བ་འདེབས། །ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ལྷ། །ཁྱོད་ནི་མཁའ་འགྲོ་ཁྱོད་ནི་ཆོས་སྐྱོང་སྟེ། །སྐལ་ངན་བདག་གི་སྐྱབས་གཅིག་རྗེ་བཙུན་མ། །ཁྱོད་ལ་སྙིང་ནས་གུས་པས་གསོལ་བ་འདེབས། །གདུང་བས་བུ་ཆུང་མ་ལ་འབོད་པ་བཞིན། །སྙིགས་མའི་རྒུད་པ་སྣ་ཚོགས་ཀྱིས་མནར་བའི། །གུ་རུ་ཡབ་ཡུམ་རྗེས་སུ་འཇུག་པ་བདག །རེ་ས་སྐྱབས་གནས་ཁྱོད་ལས་གཞན་མེད་དོ། །ཁྱོད་ནི་སྙིང་རྗེ་ཆེན་པོའི་མཐར་སོན་ཏེ། །རྨད་བྱུང་ཚོགས་གཉིས་ཡོངས་སུ་རྫོགས་བྱས་ཤིང་། །གཞན་དོན་ཁུར་ཁྱེར་མཁྱེན་བརྩེ་ནུས་པའི་སྟོབས། །སྲས་བཅས་རྒྱལ་བ་ཀུན་དང་མཉམ་བཞིན་དུ། །བདག་ཅག་བོད་འབངས་ཤིན་ཏུ་སྐལ་དམན་རྣམས། །དུས་ཀྱི་རྒུད་པས་ལྷག་པར་གཙེས་པ་ལ། །ཐུགས་རྗེ་ཆེན་པོས་དབུགས་འབྱིན་མི་མཛད་ན། །རྡོ་རྗེའི་དམ་བཅའ་བདེན་ཚིག་བསྙེལ་ལམ་ཅི། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ལུས་སྲོག་ལོངས་སྤྱོད་ཁྱོད་ལ་ཚོགས་སུ་འབུལ། །བློ་སྙིང་བྲང་གསུམ་ཨ་མ་ཁྱེད་ལ་གཏད། །སྙིང་ནས་གདུང་བའི་ཡུས་སོ་རྗེ་བཙུན་མ། །དད་པ་ཅན་ལ་ཐུགས་རྗེས་མི་བསླུ་བའི། །མཁྱེན་བརྩེ་ནུས་མངའ་ཁྱོད་ཀྱི་བདེན་ཚིག་བཞིན། །ཡང་ཡང་བསྐུལ་ཀྱང་འབྲས་མེད་ཡི་ཆད་པ། །སྐལ་དམན་བདག་ལ་ལྷག་པར་ཐུགས་བརྩེར་མཛོད། །བདག་ནི་ལས་ངན་ཉོན་མོངས་རྦ་རླབས་འཁྲུགས། །ནད་གདོན་བར་ཆད་འཚེ་བའི་སྦུབས་སུ་འཐུམ། །སྐྱབས་མཆོག་ཁྱེད་ལ་རྩེ་གཅིག་སེམས་བྱས་ཀྱང་། །ཐུགས་རྗེས་དབུགས་དབྱུང་ཅུང་ཟད་མེད་དམ་སྙམ། །དབང་ལྡན་ཐུགས་རྗེའི་བདག་ཉིད་ཁྱེད་རྣམས་ལ། །རྨད་བྱུང་ཐུགས་རྗེ་ཆེན་པོའི་སྟོབས་མངའ་ཡང་། །ཀྱེ་མ་ང་དང་ང་འདྲའི་ལས་ངན་རྣམས། །ཐུགས་རྗེས་ཡལ་བར་འདོར་བ་ཅང་སྲིད་དམ། །སྔོན་ཚེ་གངས་ཅན་མུན་པའི་སྨག་རུམ་འདིར། །གུ་རུ་ཡབ་ཡུམ་ཁྱེད་སྐུ་དངོས་སུ་བཞུགས། །སྐལ་བཟང་གདུལ་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར། །གསང་སྔགས་ཟབ་མོའི་ཉམས་རྟོགས་ཉི་ལྟར་གསལ། །ད་ནི་དེ་ཀུན་ལོ་རྒྱུས་ཙམ་དུ་སོང་། །རྗེ་བཙུན་ཡབ་ཡུམ་རྗེས་སུ་ཆེར་མོས་ཏེ། །རྩེ་གཅིག་བྱས་པ་གཟོ་བར་འདོད་ན་ཡང་། །སྙིགས་མའི་རང་མདངས་མི་དང་མི་མིན་ཚོགས། །བཀའ་དྲིན་ཁྱད་དུ་གསོད་པས་ས་འདི་ཡང་། །ནག་ཕྱོགས་སྟོབས་ཆེ་ནད་མཚོན་དབུལ་ཕོངས་མང་། །བོད་འབངས་སེམས་ཅན་ཀྱེ་མ་སྙིང་རེ་རྗེ། །ཁྱེད་རྗེས་འཇུག་པ་རྣམས་ཀྱི་ཚུལ་འདི་གཟིགས། །རྗེ་བཙུན་ཡབ་ཡུམ་པདྨ་འོད་ན་བཞུགས། །ཡུལ་གྱིས་བསྐལ་པས་ལས་ངན་འདི་ན་འཁོད། །གདུང་ཤུགས་དྲག་པོས་གསོལ་བ་བཏབ་ན་ཡང་། །ཡེ་ཤེས་གཟིགས་པས་བསླུ་བ་མེད་མོད་ཀྱི། །ལས་ངན་རང་གི་ཉེས་པས་རང་བསྒྲིབས་ནས། །སྐོམ་པ་སྨིག་རྒྱུའི་རྗེས་སུ་བསྙེགས་པ་བཞིན། །ཡིད་ལ་དབུགས་དབྱུང་ཅུང་ཟད་མ་ཐོབ་ན། །ཐུགས་རྗེས་གཟིགས་པ་འཇུག་ཅེས་ཇི་ལྟར་འཚལ། །འདི་ན་གདུང་བའི་ཚིག་ནི་གང་ཤར་དུ། །བྱིས་པའི་ངུ་རླབས་བཞིན་དུ་སྨྲས་པ་ལ། །རྗེ་བཙུན་ཡབ་ཡུམ་ཐུགས་རྗེས་ཆེར་དགོངས་ཏེ། །ད་ལྟ་ཉིད་དུ་རེ་བ་བསྐང་དུ་གསོལ། །རྗེ་བཙུན་ཡབ་ཡུམ་ཁྱེད་ལ་མོས་པ་ལ། །སྐལ་བ་དམན་པའི་གང་ཟག་མ་མཆིས་ཤིང་། །བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་ཞེས་པའི། །ཞལ་བཞེས་གང་ལགས་དུས་འདིར་མངོན་པར་མཛོད། །བསྐྱེད་རྫོགས་བསྙེན་སྒྲུབ་ཕྲིན་ལས་རིམ་པ་ཡི། །གུ་རུའི་གསུང་བཞིན་རྗེས་སུ་སྒྲུབ་པ་དང་། །རྩེ་གཅིག་བཀའ་དྲིན་དྲན་པའི་བོད་འབངས་རྣམས། །ཚེ་རིང་ནད་མེད་ཅི་བསམ་ཡིད་བཞིན་དུ། །འགྲུབ་པའི་བདེན་ཚིག་བསླུ་བ་མེད་མོད་ཀྱི། །དེང་སང་གུ་རུ་ཡབ་ཡུམ་བཀའ་དྲིན་ལ། །གུས་པ་ཉེར་འཇོག་བོད་འབངས་ཕལ་ཆེ་བ། །ལྷག་པར་སྐལ་བ་ཆུང་སྙམ་གདུང་ཤུགས་འཕེལ། །འདི་ན་སྙིགས་མའི་ཉེས་པ་ཆེར་བདོ་བས། །གངས་ཅན་མགོན་པོ་ཡབ་ཡུམ་མི་དྲན་པར། །བྱས་པ་ལོག་པར་གཟོ་བའི་སྐྱེ་བོ་མང་། །བསྟན་ཞབས་ཀླ་ཀློས་སྡུད་དུ་ཉེ་བ་ན། །དུས་ཀྱིས་མནར་བས་སྐྱེ་བོ་བདག་འདྲ་བ། །ཉུང་ཤས་ཙམ་ཞིག་ཁྱེད་ལ་དད་མོས་ཀྱང་། །རང་གཞན་སྡུག་བསྔལ་ཉོན་མོངས་རླབས་ཀྱིས་དཀྲུགས། །ཅི་བྱ་མེད་པར་རྒུད་པའི་སྐལ་བ་མྱོང་། །དེ་ཚེ་དཔལ་རི་པདྨའི་འོད་གླིང་ན། །སངས་རྒྱས་ཀུན་འདུས་མཚུངས་མེད་སྤྲུལ་པའི་སྐུ། །བདག་ཅག་བོད་འབངས་བསམ་ཡོད་ཀུན་གྱི་སྐྱབས། །རྗེ་བཙུན་ཡབ་ཡུམ་བཞུགས་སྙམ་རྗེས་དྲན་ནས། །མལ་གྱི་ནང་དུ་ཚུགས་པའི་ཐབས་མེད་ཅིང་། །དབུགས་ཀྱང་ཁར་འཚང་མཆི་མའི་ཆར་རྒྱུན་འབབ། །ཉིན་མཚན་ཁོར་ཡུག་ཁྱེད་ལ་གསོལ་བཏབ་ཀྱང་། །ཐུགས་རྗེས་དབུགས་དབྱུང་ཅུང་ཟད་མི་སྩོལ་ན། །གྲངས་མེད་བསྐལ་པའི་སྔོན་ནས་གཞན་དོན་དུ། །རླབས་ཆེན་ཚོགས་གཉིས་རྫོགས་པའི་ཡེ་ཤེས་སྐུ། །མཐུ་སྟོབས་ནུས་པ་མཚུངས་མེད་བརྙེས་བཞིན་དུ། །ང་དང་ང་འདྲ་སྡུག་བསྔལ་གདུང་ཤུགས་ཅན། །སྙིང་རྗེའི་ཡུལ་དུ་གྱུར་པ་མིན་ནམ་ཅི། །ཁྱེད་ལ་མ་མཁྱེན་པ་ནི་ཡོངས་མི་སྲིད། །གསོལ་བ་བཏབ་ཚེ་གདུལ་བྱའི་ཡུལ་རྐྱེན་གྱིས། །ཕྲིན་ལས་མི་འཇུག་པ་ནི་མི་སྲིད་ན། །ཅི་ལགས་བདག་གི་རེ་བ་འབྲས་མེད་སོང་། །ཡང་ནས་ཡང་དུ་གསོལ་ཡང་ཐུགས་རྗེའི་ཤུགས། །མེད་ན་སྐལ་དམན་བདག་ཅག་སུ་ལ་རེ། །སྐྱབས་བྲལ་ཡིད་ཆད་རྣམས་ཀྱི་མགོན་སུ་ཞིག །འོན་ཏེ་བྱུར་ངན་རང་ཉེས་ལན་མོད་ཀྱི། །ང་དང་ང་འདྲ་ལས་ངན་གཞན་མཆིས་ན། །དེ་ཀུན་ཁྱེད་ལ་སྐྱབས་སུ་སོང་བའི་ཚེ། །འདི་བཞིན་ཡི་ཆད་གྱུར་ན་ཀྱེ་མ་སྙམ། །གུ་རུ་ཁྱེད་རྗེས་འཇུག་དང་ཁྱེད་གསུང་ལ། །མོས་རྣམས་སྐལ་བ་གཞན་ལས་བཟང་གྱུར་ན། །དམན་པ་བདག་གཅིག་རྒུད་ཀྱང་བཟོད་ལགས་ཏེ། །ཐུགས་རྗེའི་མངོན་རྟགས་མཐོང་ན་སུ་མི་སྤྲོ། །རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །ཁྱེད་ཉིད་རྒྱལ་བ་ཀུན་ལས་བྱིན་མྱུར་ཞིང་། །མགོན་པོ་ཁྱོད་ཀྱིས་ལྷག་པར་སྙིགས་དུས་སུ། །བོད་འབངས་དད་པ་ཅན་རྣམས་སྐྱོབ་ཅེས་གསུངས། །རྡོ་རྗེའི་བདེན་ཚིག་འདི་ཡི་འབྲས་བུ་ནི། །རྗེས་འཇུག་གསོལ་བ་འདེབས་ལ་འབྱུང་རིགས་པས། །དེང་ནས་ཁྱོད་ཀྱི་རྗེས་འཇུག་རྗེས་འབྲངས་རྣམས། །གཞན་ལས་མངོན་མཐོའི་སྐལ་བར་སྦྱོར་མཛོད་ཅིག །སྲིད་པ་ལས་ཀྱི་གྲོང་ཁྱེར་འཕྲུལ་མོ་ཆེ། །རང་སྣང་རྨི་ལམ་བཞིན་དུ་མྱོང་བ་ལ། །རེ་ཞིག་ཐུགས་རྗེའི་ཤུགས་ཆེ་ནམ་མངོན་ཡང་། །ནམ་ཞིག་བསླུ་མེད་བྱིན་རླབས་ཅིས་མི་མངོན། །དེས་ན་བདག་ནི་སྐྱིད་དམ་སྡུག་ཀྱང་རུང་། །མཐོ་འམ་དམའ་འམ་སྲིད་རྩེ་མནར་མེད་བར། །ཚེ་རབས་འཁོར་བ་གང་དང་གང་སྐྱེས་ཀྱང་། །རྗེ་བཙུན་ཡབ་ཡུམ་ཐུགས་རྗེས་རྗེས་འཛིན་ཤོག །སྐྱེ་དང་སྐྱེ་བ་ཀུན་ཏུ་པད་འབྱུང་དང་། །མཚོ་རྒྱལ་ཡབ་ཡུམ་སྙིང་གི་ལྷར་བརྟེན་ནས། །རྣམ་རྟོག་སྣ་ཚོགས་ཐེ་ཚོམ་ལོག་པའི་སེམས། །སྐད་ཅིག་ཙམ་ཡང་སྐྱེ་བར་མ་གྱུར་ཅིག །མཆོག་ཏུ་རང་རྒྱུད་རྣམ་པར་དག་པ་ཡིས། །བླ་མ་ཡབ་ཡུམ་བཀའ་བཞིན་རྗེས་སུ་སྒྲུབ། །དད་དང་དག་སྣང་ནམ་མཁའ་མཉམ་པར་འཕེལ། །བླ་མའི་ཡོན་ཏན་རྒྱ་མཚོ་མཐོང་བར་ཤོག །བླ་མའི་བཀའ་དང་ཆོས་ཕྱིར་དཀའ་སྤྱད་ལ། །མནར་མེད་མེ་དཔུང་དྲག་པོར་འཇུག་པ་ལའང་། །པདྨའི་མཚོ་རུ་ངང་པ་རྒྱུ་བ་བཞིན། །ཞུམ་མེད་དགའ་བའི་སྙིང་སྟོབས་རྙེད་པར་ཤོག །རང་དོན་ཆགས་པའི་དྲི་མ་དྲུང་ཕྱུངས་ཏེ། །ཆོས་དང་གཞན་ཕན་ཕྱིར་ནི་རང་གི་སྲོག །ཕྲ་རབ་ཞིང་གི་རྡུལ་སྙེད་གཏོང་བ་ལ། །དཀའ་བའི་འདུ་ཤེས་ཅུང་ཟད་མེད་པར་ཤོག །སྣང་སྲིད་རྣམ་པར་དག་པའི་སྤྱོད་ཡུལ་ལ། །ཤེས་རབ་ཟབ་མོས་ཅི་བདེར་རོལ་གྱུར་ནས། །སྙིགས་མའི་རྒུད་པ་ཀུན་ཀྱང་གྲོགས་སུ་ཤར། །ས་དང་ལམ་གྱི་ཡོན་ཏན་འཕེལ་བར་ཤོག །སྔོན་གྱི་ཚེ་རབས་རྣམས་སུ་བླ་མ་དང་། །གསང་སྔགས་ཟབ་མོའི་སྤྱོད་ལ་མ་གུས་སོགས། །འདི་ཕྱིའི་སྒྲིབ་པར་གྱུར་པ་གང་ལགས་པ། །དེ་རིང་ཉིད་ནས་ལྷག་མེད་བྱང་གྱུར་ཅིག །སླན་ཆད་བྱང་ཆུབ་སྙིང་པོའི་མཐར་ཐུག་བར། །བླ་མའི་བཀའ་དང་རྡོ་རྗེ་ཐེག་པ་ལས། །ཇི་སྐད་གསུངས་པའི་དོན་རྣམས་མ་ལུས་པ། །མཆོག་ཏུ་སྤྲོ་བའི་ཉམས་སུ་ལེན་གྱུར་ཅིག །དེ་ཚེ་ཕྱི་དང་ནང་གི་རྐྱེན་གྱི་ཚོགས། །གེགས་སུ་གྱུར་པ་གང་དང་ཅི་མཆིས་ཀྱང་། །མེ་ལ་ཤིང་བཞིན་ལམ་གྱི་གྲོགས་སུ་ཤར། །ཅིས་ཀྱང་གཡོ་མེད་དོན་གཉིས་གྲུབ་གྱུར་ཅིག །རང་དང་གཞན་དོན་བསྟན་དང་འགྲོ་བའི་དོན། །ཡིད་ལ་ཇི་ལྟར་ཡོད་ཀུན་ཡིད་བཞིན་འགྲུབ། །ཚེ་དང་བསོད་ནམས་དོན་གཉིས་བཀྲ་ཤིས་དཔལ། །གོང་ནས་གོང་འཕེལ་མཐར་ཕྱིན་ལྷུན་གྲུབ་ཤོག །བསམ་པ་རྣམ་པར་དག་པའི་ས་བོན་ལ། །ལེགས་སྨོན་དྲོད་བཅས་རྩ་གསུམ་རྒྱལ་བའི་མཐུའི། །ཆར་བཟང་གིས་བརླན་ཕན་བདེའི་འབྲས་བུ་འབུམ། །གཡུར་དུ་ཟ་བའི་དཔག་བསམ་ལྗོན་ཤིང་ཆེ། །སྙིགས་མའི་དུས་འདིར་བསིལ་ལྡན་འཛིན་མའི་གཞིར། །རབ་ཁྱབ་རྟག་ཏུ་གཡོ་མེད་རྩ་བ་བརྟན། །སྐྱེ་རྒུའི་གསོས་སུ་རྒྱ་ཆེར་འཕེལ་གྱུར་ནས། །པདྨའི་བསྟན་ལ་མཆོག་ཏུ་ཕན་པར་ཤོག །ས་དང་ལམ་གྱི་ཡོན་ཏན་འགག་མེད་འཕེལ། །བསྟན་དང་འགྲོ་བའི་དོན་ཆེན་ལྷུན་གྱིས་གྲུབ། །རང་དང་འབྲེལ་ཐོགས་རྣམས་དང་ལྟོས་བཅས་ཀུན། །པདྨ་འོད་ཀྱི་ཞིང་དུ་སྐྱེ་བར་ཤོག །གུ་རུ་ཡབ་ཡུམ་རིགས་གསུམ་སེམས་དཔའ་ཡི། །རྣམ་ཐར་རྒྱ་མཚོའི་རྗེས་སུ་བདག་ཞུགས་ཏེ། །མཁའ་ཁྱབ་འགྲོ་བའི་སྤྱོད་ཡུལ་དང་མཉམ་པའི། །ཀུན་ཏུ་བཟང་པོའི་སྤྱོད་ལ་འཇུག་པར་ཤོག །བདག་ཉིད་གང་དུ་གནས་པའི་ས་ཕྱོགས་སུ། །མི་ཤིས་རྒུད་པ་མིང་ཡང་མི་གྲགས་པར། །བདེ་སྐྱིད་བཀྲ་ཤིས་དགེ་མཚན་ལྷ་དང་དཔལ། །ཉིན་མོར་བྱེད་པ་བཞིན་དུ་གསལ་གྱུར་ཅིག །ཅེས་པའང་ས་ཁྱི་ཟླ་བཞི་པའི་ཚེས་ཉེར་གཅིག་ལ་ཁམས་འདུས་ཀྱི་སྣང་བ་དང་ལྷན་ཅིག །དད་པའི་གདུང་ཤུགས་ཀྱིས་སྡེབ་སྦྱོར་ལ་ཅི་ཡང་མ་དཔྱད་པར་གདུང་དབྱངས་སྨྲས་པ་སླར་དགེ་ལེགས་མི་ཟད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།།      །།

 རྩོམ་སྒྲིག་པ། བདེ་ཆེན་དབང་མོ།

47.2K