༄༅། །སེམས་ཁ་སྐྱོ་ནས་དབེན་པའི་རི་ལ་འགྲོ་འདོད།

རྩོམ་སྒྲིག་པ། ཀ་དག

༄༅། །ན་མོ་གུ་རུ། དམ་པ་གཅིག་གིས་འབྲེལ་ཐོགས་ཐམས་ཅད། །འདི་ཕྱིར་བདེ་བའི་ལམ་ལ་དྲངས་ན། །ལས་ངན་རྣམས་ཀྱིས་སྐྱོན་དུ་མཐོང་སྟེ། །མངོན་ལྐོག་གཉིས་ནས་ངན་སྨྲས་སྒྲོགས་སོ། །རྐུན་མ་གཅིག་གིས་ཐུག་ཚད་ཐམས་ཅད། །བཅོམ་ནས་འདི་ཕྱིར་སྡུག་དང་སྦྱར་ན། །ལས་ངན་རྣམས་ནི་ད་དུང་འཇིགས་ཏེ། །མངོན་ལྐོག་གཉིས་ནས་གུས་གུས་བྱེད་དོ། །ཡར་ལྡེབ་འདི་འདྲ་བསམ་ན་སེམས་ཁ། །སྐྱོ་ནས་དབེན་པའི་རི་ལ་འགྲོ་འདོད། །ཨ་མ་གཅིག་གིས་བུ་ཕྲུག་ཐམས་ཅད། །ཆུང་ནས་བསྐྱངས་ཏེ་མི་སར་བཏོན་ཀྱང་། །བུ་ངན་རྣམས་ཀྱིས་སྐྱོན་དུ་མཐོང་སྟེ། །མངོན་ལྐོག་གཉིས་ནས་སྡང་སྡིགས་སྟོན་ནོ། །གྲོགས་ངན་གཅིག་གིས་འགྲོགས་ཚད་ཐམས་ཅད། །བསླུས་ནས་དགྲ་གྱོད་སོགས་ལ་གཏུག་ཀྱང་། །ལས་ངན་རྣམས་ནི་ད་དུང་འཁྲུལ་ཏེ། །མངོན་ལྐོག་གཉིས་ནས་ཅི་ཟེར་ཉན་ནོ། །ཡར་ལྡེབ་འདི་འདྲ་བསམ་ན་སེམས་ཁ། །སྐྱོ་ནས་དབེན་པའི་རི་ལ་འགྲོ་འདོད། །ལོ་ཡག་གཅིག་གིས་ཡུལ་ཕྱོགས་ཐམས་ཅད། །ལོ་རེ་ཙམ་ལ་བདེ་བར་བྱས་ན། །ལས་ངན་རྣམས་ཀྱིས་ཁ་ཞིམ་དྲན་ཏེ། །མངོན་ལྐོག་གཉིས་ནས་བཙོང་སྟེ་བརླག་གོ། །དམག་འཁྲུག་གཅིག་གིས་ཡུལ་ཁམས་ཐམས་ཅད། །འཁྲུག་སྟེ་སྡུག་བསྔལ་སྣ་ཚོགས་མྱངས་ཀྱང་། །ལས་ངན་རྣམས་ལ་སུན་མཐའ་མེད་པར། །མངོན་ལྐོག་གཉིས་ནས་གྱོད་གཞི་འདིང་ངོ་། །ཡར་ལྡེབ་འདི་འདྲ་བསམ་ན་སེམས་ཁ། །སྐྱོ་ནས་དབེན་པའི་རི་ལ་འགྲོ་འདོད། །ཡ་རབས་གཅིག་གིས་ཉེ་ཚད་ཐམས་ཅད། །བསམ་པ་བཟང་པོས་ཡར་ལ་འཐེན་ན། །ལས་ངན་རྣམས་ཀྱིས་བསམ་པ་ངན་པས། །མངོན་ལྐོག་གཉིས་ནས་དཀྲུག་ཤིང་བྱེད་དོ། །མ་རབས་གཅིག་གིས་ཐུག་ཚད་ཐམས་ཅད། །བསམ་པ་ངན་པས་མར་ལ་འཐེན་ན། །ལས་ངན་རྣམས་ནི་གྲོས་ཁ་མཐུན་པར། །མངོན་ལྐོག་གཉིས་ནས་ངན་མགོ་བྱེད་དོ། །ཡར་ལྡེབ་འདི་འདྲ་བསམ་ན་སེམས་ཁ། །སྐྱོ་ནས་དབེན་པའི་རི་ལ་འགྲོ་འདོད། །ཕ་བཟང་གཅིག་གིས་ནོར་རྫས་ཐམས་ཅད། །བུ་ལ་བཞག་ནས་སེམས་གཏམ་བཤད་ན། །བུ་ངན་རྣམས་ཀྱི་མཚང་ལ་ཕོག་ནས། །མངོན་ལྐོག་གཉིས་ནས་བརླག་འདྲེ་བྱེད་དོ། །བུ་ངན་གཅིག་གིས་ཡོད་ཚད་ཐམས་ཅད། །སྤྱོད་ངན་གཅིག་གི་སྣ་ནས་བརླག་ཀྱང་། །ལས་ངན་རྣམས་ཀྱིས་འཇལ་རོགས་བྱས་ཏེ། །མངོན་ལྐོག་གཉིས་ནས་ངན་འབྱོར་བརྟེན་ནོ། །ཡར་ལྡེབ་འདི་འདྲ་བསམ་ན་སེམས་ཁ། །སྐྱོ་ནས་དབེན་པའི་རི་ལ་འགྲོ་འདོད། །མཁས་པ་གཅིག་གིས་ལེགས་བཤད་གཏམ་གྱིས། །ཟབ་རྒྱས་ཆོས་ཀྱི་གནད་འགག་བཀྲོལ་ན། །བླུན་པོ་རྣམས་ཀྱི་བློ་ཁ་ཆུང་བས། །མངོན་ལྐོག་གཉིས་ནས་སྐྱོན་འཚོལ་བྱེད་དོ། །བླུན་པོ་གཅིག་གིས་རང་སྐྱོན་ཐམས་ཅད། །བསྐྱུར་ནས་མཁས་པའི་ཡོན་ཏན་སྨད་ན། །ལས་ངན་ཐམས་ཅད་དེ་རྗེས་འབྲང་སྟེ། །མངོན་ལྐོག་གཉིས་ནས་སྨོད་གྲོགས་བྱེད་དོ། །ཡར་ལྡེབ་འདི་འདྲ་བསམ་ན་སེམས་ཁ། །སྐྱོ་ནས་དབེན་པའི་རི་ལ་འགྲོ་འདོད། །ཆོས་པ་གཅིག་གིས་བཤད་ཚད་ཐམས་ཅད། །ཆོས་སུ་སོང་ནས་འབྲེལ་ཚད་དད་ཀྱང་། །ལས་ངན་རྣམས་ལ་ཕྲག་དོག་སྐྱེས་ནས། །མངོན་ལྐོག་གཉིས་ནས་ཚོགས་ངན་གསོག་གོ། །ཆོས་མིན་གཅིག་གིས་བྱས་ཚད་ཐམས་ཅད། །གཡོ་སྒྱུ་སྡིག་པའི་ལས་སུ་སོང་ཡང་། །ལས་ངན་རྣམས་ནི་དད་འདུན་སྐྱེས་ཏེ། །མངོན་ལྐོག་གཉིས་ནས་འབྲེལ་བ་འཇོག་གོ། །ཡར་ལྡེབ་འདི་འདྲ་བསམ་ན་སེམས་ཁ། །སྐྱོ་ནས་དབེན་པའི་རི་ལ་འགྲོ་འདོད། །བྱ་བཏང་གཅིག་གིས་བྱ་བ་ཐམས་ཅད། །བཞག་ནས་དམ་ཆོས་གཅིག་པུ་བསྒྲུབས་ཀྱང་། །ལས་ངན་རྣམས་ཀྱིས་དམན་པར་མཐོང་ནས། །མངོན་ལྐོག་གཉིས་ནས་བརྙས་བརྙས་བྱེད་དོ། །སྲེད་ཅན་གཅིག་གིས་བཟའ་ཚང་ཐམས་ཅད། །སྡུག་ལ་གཏད་ནས་ལས་ཀ་ལས་ཀྱང་། །ལས་ངན་རྣམས་ཀྱིས་དེ་ལ་སྨོན་བཞིན། །མངོན་ལྐོག་གཉིས་ནས་དཀའ་ཚེགས་མྱོང་ངོ་། །ཡར་ལྡེབ་འདི་འདྲ་བསམ་ན་སེམས་ཁ། །སྐྱོ་ནས་དབེན་པའི་རི་ལ་འགྲོ་འདོད། །ཆོས་བཞིན་སྤྱོད་པའི་རྣལ་འབྱོར་ཐམས་ཅད། །ཟ་རེ་འཐུང་རེར་བདེ་མོར་བསྒོམ་པ། །ལས་ངན་རྣམས་ཀྱིས་རྒྱུན་དུ་མཐོང་ཡང་། །མངོན་ལྐོག་གཉིས་ནས་ཡིད་ཆེས་མི་སྐྱེ། །ཆོས་མིན་སྤྱོད་པའི་སྐྱ་སེར་ཐམས་ཅད། །ཟས་གོས་དོན་དུ་ཤི་སྦར་འཐམས་པ། །ལས་ངན་རྣམས་ཀྱིས་སྐྱོན་དེ་ཤེས་བཞིན། །མངོན་ལྐོག་གཉིས་ནས་ཆོས་མིན་བྱེད་དོ། །ཡར་ལྡེབ་འདི་འདྲ་བསམ་ན་སེམས་ཁ། །སྐྱོ་ནས་དབེན་པའི་རི་ལ་འགྲོ་འདོད། ། ཅེས་པ་འདི་ནི་གནམ་རྫོང་ནས་དེང་དུས་ཀྱི་འགྲོ་བ་རྣམས་ཀྱིས་ཡར་ལྡེབ་བྱེད་ཚུལ་ལ་སྐྱོ་བ་སྐྱེས་ནས་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་སྤྲེལ་ཟླའི་ཚེས་ལ་སྦྱར་པའོ། །

47.2K