༄༅། །མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ལོ་རྒྱུས་དང་འབྲེལ་བའི་ཚིགས་སུ་བཅད་པ་དཔའ་བོའི་ཡིད་འཛིན་ཞེས་བྱ་བ་བཞུགས་སོ། །

རྩོམ་སྒྲིག་པ། གསང་སྔགས་ཐེག་མཆོག་རྡོ་རྗེ།

༄༅། །ན་མོ་གུ་རུ་པདྨ་ཀ་ར་ཡེ། གང་གི་འགྱུར་མེད་ཡེ་ཤེས་བདེན་གཉིས་ཞལ། །མཁའ་ཁྱབ་འགྲོ་བ་སྒྲོལ་བའི་ཕྲིན་ལས་སྟོབས། །གཅིག་བསྡུས་བདེ་ཆེན་དབང་མོའི་སྐུར་སྣང་བ། །དཔལ་ལྡན་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད། །རྒྱལ་བ་ཀུན་གྱི་ཐུགས་རྗེའི་མེ་ཏོག་ནི། །ཕྲིན་ལས་འདབ་བརྒྱ་ལྡན་པའི་སྔགས་ཀྱི་གཟུགས། །སྐྱོབ་པ་འཇིག་རྟེན་དབང་པོའི་སྤྱན་ཆབ་ལས། །སྟོན་དུས་པདྨའི་དཔལ་ལྟར་བཞད་ཅིང་འཁྲུངས། །དེ་ནི་སངས་རྒྱས་ཞིང་མང་རྒྱ་མཚོ་ན། །སྒྲོལ་མ་ཞེས་བྱར་གྲགས་པའི་དྲི་བསུང་བཅས། །མཁས་པའི་བུང་བ་དགའ་སྐྱེད་དངོས་གྲུབ་ཀྱི། །སྦྲང་རྩིའི་འབྱུང་གནས་གཅིག་པུར་རྒྱལ་རྣམས་གསུངས། །མཛེས་སྡུག་ཕུང་པོ་དེ་ལ་ཡེ་ཤེས་ཀྱི། །སྙིང་པོ་གྲངས་མེད་སྤྲུལ་པའི་ས་བོན་མཛོད། །ཤེས་རབ་ཕར་ཕྱིན་ཞིབ་མོའི་རྡུལ་འདུས་པ། །ཏིང་འཛིན་གོང་བུ་གཅིག་ཏུ་གྱུར་པ་ཡོད། །དེ་ལས་སྐད་ཅིག་རེར་ཡང་སྔགས་པ་ཡི། །དངོས་གྲུབ་དོན་བྱེད་བུམ་པ་བཟང་པོ་ལྟའི། །བུད་མེད་སྒྱུ་འཕྲུལ་རི་རབ་རྡུལ་ཕྲན་སྙེད། །རྣམ་པར་སྣང་མཛད་ཞིང་གི་རྒྱན་དུ་འབྱུང་༌། །རེ་ཞིག་ཅིག་ན་རྨོངས་པ་འདུས་པ་ཡི། །མུན་པའི་གླིང་འདིར་དམ་ཆོས་འོད་མཛད་ཕྱིར། །ཏོང་ཀུན་རྒྱལ་པོའི་ཁབ་ཏུ་ལྷ་ཅིག་ནི། །ཆུ་ཡི་པདྨ་ཞེས་བྱའི་རྣམ་འཕྲུལ་བསྟན། །དེ་ཡི་ཐབས་མཁས་སྤྱོད་པའི་ཤིང་རྟ་ཆེས། །ཤཱཀྱའི་རྒྱལ་པོ་སྤྲུལ་པའི་གཟུགས་བརྙན་གྱི། །ཟོལ་ལ་བརྟེན་ནས་མངོན་སུམ་སྤྱན་དྲངས་ཏེ། །བསིལ་ལྗོངས་མཐའ་དག་འོད་ཀྱིས་སྣང་བར་མཛད། །སླར་ཡང་གསང་ཆེན་ཐེག་པའི་རྩེ་དགའ་ཡིས། །བོད་ཁམས་རིག་འཛིན་ཞིང་དུ་བསྒྲུབ་བྱའི་ཕྱིར། །གཡོ་རུ་སྦྲགས་མདར་མཁར་ཆེན་རྒྱལ་རིགས་སུ། །སྐྱེ་བའི་མྱུ་གུ་ལང་ཚོས་དུད་པ་བཟུང་༌། །འཇིག་རྟེན་སྒྲོལ་མ་བྱོན་པ་ལེགས་སོ་ཞེས། །ས་ཡི་ལྷ་མོས་མཆོད་ཡོན་སྟོབ་པ་བཞིན། །ཡན་ལག་བརྒྱད་ལྡན་བདུད་རྩིའི་མཚོ་བྱུང་བས། །མཚོ་རྒྱལ་ཞེས་གྲགས་སྙན་པའི་བ་དན་མཐོ། །རིན་ཆེན་གཏེར་ཁ་ལྷ་མིག་ལྡན་པས་རྙེད། །ལྷ་རྫས་ལོངས་སྤྱོད་ལྷ་ཡུལ་བ་ལས་འབྱུང་༌། །ཨུཏྤལ་མིག་ཡངས་མཆོག་དེའང་ཁྲི་སྲོང་རྗེས། །འཇམ་དབྱངས་ཕྱག་ན་ཨུཏྤལ་ལ་བཞིན་བརྙེས། །དེ་མཐུས་རྒྱལ་པོའི་སྐུ་ཚེ་མངའ་ཐང་རྣམས། །རྒྱ་མཚོ་ཆུས་གང་བཞིན་དུ་རྒྱས་གྱུར་ཅིང་༌། །བོད་འབངས་མཐའ་དག་རྡོ་རྗེ་རྣལ་འབྱོར་མའི། །བདེ་ཆེན་སྙིང་རྗེའི་མངའ་རིས་གཅིག་པུར་གྱུར། །རྗེ་རྒྱལ་བཙན་པོས་བླ་མ་བདེ་བ་ཆེ། །ཕུལ་བྱུང་འབྱོར་པ་རྒྱ་མཚོས་བསྙེན་བཀུར་ཚེ། །ཕྱོགས་འདིར་ཐེག་མཆོག་རྒྱས་པའི་རྟེན་འབྱུང་སླད། །འདི་ཡང་བླ་མེད་གསང་བའི་མཆོད་པ་འབུལ། །བསྔགས་འོས་རིགས་ཀྱི་ཚངས་པའི་རལ་པ་བརྒྱུད། །ཁྲི་སྲོང་མ་དྲོས་མཚོ་ལ་གཡས་སུ་བསྐོར། །གསུང་མཆོག་པདྨའི་རྒྱ་མཚོར་གཅིག་ཏུ་འདྲེས། །གངྒཱའི་དཔལ་མོ་གཉིས་པར་མཚོན་མིན་ནམ། །པདྨའི་རིགས་ཡུམ་ཞི་ཁྲོ་དབྱེར་མེད་ཀྱང་༌། །ཐུན་མོང་ངོར་བྱས་ཏི་སྒྲོ་བྲག་སོགས་སུ། །རྡོ་རྗེ་ཕག་མོའི་དབང་དང་རིམ་གཉིས་ལ། །སྦྱངས་པས་དངོས་གྲུབ་རྒྱ་མཚོའི་ཕ་རོལ་གཤེགས། །དེ་ནས་རྟ་ཕག་བདེ་བའི་མེ་ཆེན་གྱིས། །བརྟན་གཡོའི་འཇིག་རྟེན་གསེར་བསྲེགས་བཞིན་དུ་སྦྱངས། །ས་ཀུན་རྡོ་རྗེའི་གནས་ཀྱི་དཔའ་བོ་དང་༌། །རྣལ་འབྱོར་མ་ཚོགས་སྤྱོད་པའི་ཞིང་དུ་བསྒྱུར། །མི་དང་མི་མིན་འགྲོ་བའི་ཚོགས་མང་རྣམས། །ཧེ་རུ་ཀ་དཔལ་རིགས་སུ་སྨིན་མཛད་ཅིང་༌། །དཀོན་མཆོག་གསུམ་ལ་གནོད་བྱེད་གདུག་པ་རྣམས། །རྣམ་ཐར་སྒོ་གསུམ་དབྱིངས་སུ་ཕུར་བུས་བཏབ། །སྔ་ཕྱིའི་གདུལ་བྱ་སྣ་ཚོགས་ལ་བརྩེ་བས། །མཚོ་སྐྱེས་སྤྱན་སྔར་རྒྱུད་ལུང་མན་ངག་གི། །ཆོས་ཚུལ་མཐའ་ཡས་བཤད་པར་གསོལ་བཏབ་ཅིང་༌། །ཉན་བཤད་དྲི་ཞུས་བཀའ་ཡི་བསྡུ་བ་མཛད། །ཁྱད་པར་མ་འོངས་འགྲོ་བའི་དོན་སླད་དུ། །ཆོས་ནོར་དམ་རྫས་གཏེར་ཁ་དཔག་མེད་སྦས། །མཁའ་འགྲོ་དམ་ཅན་ཚོགས་ལ་གཉེར་བྱང་གཏད། །བསྟན་ཞབས་གཏེར་གྱིས་སྐྱོང་བའི་སྨོན་ལམ་བཏབ། །སྐད་ཅིག་བསྐལ་པར་མཉམ་པའི་དབང་འབྱོར་མཐུས། །འཛམ་གླིང་བྱེ་བ་ཕྲག་བརྒྱའི་བོད་དང་ནི། །དེ་སྙེད་བོད་ཆེན་རྣམས་སུའང་ཚུལ་འདི་ཡིས། །བསམ་གྱིས་མི་ཁྱབ་ཕྲིན་ལས་མཉམ་དུ་མཛད། །ལྗོངས་འདི་བཀའ་དྲིན་ཆེན་པོ་རྗེས་བསྐྱངས་ནས། །བློ་དམན་སྐྱེ་བོས་བརྙས་པ་སྤོང་ཕྱིར་དང་༌། །སྐལ་ལྡན་མི་རྣམས་མཐོང་ལ་འདུན་ཕྱིར་དང་༌། །རྗེས་འཇུག་རིག་འཛིན་སྒྲུབ་ལ་སྤྲོ་བའི་ཕྱིར། །རགས་ལུས་འཇའ་ཚོན་ལྟ་བུའི་སྐུར་མཛད་ནས། །འཆི་མེད་ལམ་སྲང་མཐོན་པོར་རབ་འཕགས་ཏེ། །ཕྱིར་ཞིང་ལྔ་བདོར་སྐྱེས་པའི་ཉམ་ཐག་འགྲོར། །ཐུགས་རྗེའི་སྤྱན་རས་ཆགས་བཞིན་རིང་དུ་བཞུད། །དེ་ནས་ལངྐའི་ཡུལ་གྱི་གཙུག་ཏོར་རྩེར། །གྲངས་མེད་རིག་འཛིན་མཁའ་འགྲོའི་ཚོགས་དབུས་སུ། །མི་ཟད་ལྷན་སྐྱེས་བདེ་བའི་ཆང་གསོལ་ཞིང༌་། །པདྨ་བཛྲ་མཆོད་ལ་བརྩོན་པས་བཞུགས། །འདི་ནི་རིས་བྲལ་སྔགས་པའི་ཕུན་ཚོགས་གཞི། །ས་གསུམ་གསང་སྔགས་འབྱུང་བའི་རིན་ཆེན་གཅིག །གླིང་བཞིར་ལོ་ཏོག་ཁྱད་པར་སྨིན་བྱེད་ཅིང་༌། །སྣང་བའི་མཆོག་སྦྱིན་ཉི་མ་གཅིག་པུས་ནུས། །ཤེར་ཕྱིན་སྙིང་པོའི་མན་ངག་བདུད་གཅོད་ཀྱིས། །གཞན་ཕན་ཆེར་སྤྱོད་གཡེ་ཡི་ལབ་སྒྲོན་སོགས། །ཕྱི་མའི་དུས་ཀྱང་བསིལ་ལྡན་འཛིན་ན་འདིར། །རྗེས་དྲན་སྒོ་མང་བྱིན་གྱིས་བརླབས་པ་ཡིན། །ཉི་མ་འོད་ཟེར་སྤང་སྟོན་ཆོས་དབང་སོགས། །ཚངས་པའི་མེ་ཏོག་སྐྱེས་རབས་ཕྲེང་བ་ཀུན། །སེམས་ཅན་འདུལ་བའི་ཕྲིན་ལས་གྲོགས་མཛད་ཕྱིར། །སྣ་ཚོགས་གཟུགས་ཀྱིས་དུས་བཞིར་ཉེ་བར་གནས། །གང་ཕྱིར་ཐོག་མེད་ནས་བསྒྲུབས་སྨོན་ལམ་དང་༌། །ཐབས་ཤེས་བདེ་བའི་དམ་ཚིག་གིས་བསྡམས་ཤིང་༌། །ཆོས་དང་ལོངས་སྤྱོད་རྫོགས་སྐུ་གཅིག་པའི་ཕྱིར། །ལྷན་ཅིག་ཙན་དན་ཤིང་དང་དྲི་བཞིན་འབྱུང་༌། །དུས་ཀྱི་མཐར་ཡང་རིག་འཛིན་འཇིགས་མེད་གླིང་༌། །དབེན་པར་མཆོག་གི་རྣལ་འབྱོར་པ་བཞུགས་ཚེ། །འོད་གསལ་གཉིད་ཀྱི་རང་སྣང་མཆོད་རྟེན་དྲུང་༌། །སྙིང་ཐིག་གསང་བའི་ཆོས་མཛོད་མངོན་དུ་གཏད། །སླར་ཡང་པདྨ་འོད་ཀྱི་ཕོ་བྲང་ཆེར། །རིག་འཛིན་བླ་མ་མཁའ་འགྲོའི་འཁོར་ཚོགས་བཅས། །དཔང་དུ་བཀོད་ནས་བརྡ་ཡི་ཐབས་འཕྲུལ་གྱིས། །ས་སྟེང་ཆོས་ཀྱི་རྒྱལ་སྲིད་བྱེད་པར་གནང་༌། །ཁྱད་པར་སྒྲགས་མདའ་མཚོ་རྒྱལ་བླ་མཚོ་རུ། །བུང་བའི་གཟུགས་ཅན་མཁའ་འགྲོའི་གདངས་སྙན་གླུས། །སྣང་སེམས་བདེ་བ་ཆེན་པོར་མྱོས་པ་ལས། །ངེས་དོན་ནང་གི་མཁའ་སྤྱོད་གསལ་བར་གཟིགས། །དེ་ཚེ་རབ་འབར་ཆགས་པའི་ཁ་དོག་ཅན། །ལྷན་སྐྱེས་བདེ་བའི་ན་ཚོད་དར་བབས་ཤིང་༌། །ཀུན་རྟོག་བག་ཆགས་བཅས་པའི་གཡོགས་པ་སྤངས། །རྡོ་རྗེའི་ཕར་ཕྱིན་མང་པོས་ལེགས་པར་བརྒྱན། །བདེ་བའི་རོལ་མོ་སྟོང་པ་སྒྲོགས་པའི་སྒྲས། །མ་ལུས་དེ་བཞིན་གཤེགས་རྣམས་བསྐུལ་བྱེད་ཅིང་༌། །ཤེས་རབ་མཚོན་ཆས་གཟུང་འཛིན་འཁྲུལ་པ་གཅོད། །སྲིད་ཞིར་མི་གནས་འགྲོ་བའི་དོན་ཕྱོགས་པའི། །བླ་མེད་རྒྱུད་དོན་སྙིང་པོ་བདེ་ཆེན་ལམ། །ཡིད་འཕྲོག་རིག་འཛིན་རྒྱལ་མོའི་གཟུགས་གྱུར་པ། །དཔལ་ལྡན་ཁྲག་འཐུང་དཔྱིད་ཀྱི་དགའ་བའི་གཉེན། །རྒྱ་ཆེན་ཆུ་སྐྱེས་རིགས་ཀྱི་ཐིག་ལེ་དེ། །གཏིང་མཐའ་བྲལ་བའི་ཆོས་དབྱིངས་ཆུ་གཏེར་ལས། །མེ་ཆེན་ཕུང་པོ་གར་བྱེད་བཞིན་དུ་བཞེངས། །སྤྲོས་པའི་སྣང་བ་ནུབ་པའི་མཚན་མོ་རུ། །སྟོང་ཕྲག་ཉི་མའི་སྣང་བ་སྤྲོ་བཞིན་བཞུགས། །ཡེ་ཤེས་ལང་ཚོས་སྐུ་ཡི་བདེ་བ་བསྐྱེད། །ཆོས་ཉིད་རང་སྒྲས་གསུང་གི་ནུས་པ་སྤར། །དགོངས་ཀློང་མཉམ་སྦྱར་རིག་པའི་རྩལ་དབང་རྫོགས། །ཕྱི་ནང་གཞན་གསུམ་ཐིག་ལེའི་དབྱིངས་གཅིག་བསྲེས། །རྡོ་རྗེ་བཙུན་མོའི་དབང་དང་བསྐྱེད་རྫོགས་ལ། །བརྟེན་ནས་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་ཚུལ། །ཚང་ལ་གནད་འདྲིལ་ནུས་པ་ཕུལ་བྱུང་བའི། །གདམ་ངག་བདུད་རྩིའི་བུམ་བཟང་གསར་པའང་བྱིན། །དེ་ནས་ཆེད་དུ་བརྗོད་པའི་མེ་ཏོག་ཆར། །ལུང་བསྟན་སྭ་སྟིའི་གླུ་དབྱངས་དང་བཅས་པས། །མཆོག་བདེའི་མཛའ་བ་མི་ཕྱེད་གྲུབ་པའི་རྒྱུན། །བརྒྱུད་འཛིན་ཕྲེང་བར་འཇུག་པའི་དགེ་མཚན་སྤེལ། །ཁོ་མོ་ཆོས་དབྱིངས་ཟབ་མོའི་ཕུག་ཏུ་གནས། །དེ་ལས་འདིར་འོངས་འགྲོ་དང་འོང་བ་མེད། །ཉི་འོད་ལི་ཁྲིས་དམར་བའི་མཁུར་ཚོས་ཅན། །ནམ་མཁའི་ལང་ཚོ་མ་དེ་གང་ནས་འོངས། །འགྲོ་མེད་འོང་བྲལ་བརྟན་གཡོ་ཀུན་ཏུ་འགྲོ། །ཉེར་བཞིའི་གནས་བདག་གནས་མེད་སྤྱོད་ཡུལ་ཅན། །གང་ཡང་བརྟགས་དཀའ་སྒྱུ་མའི་དཔལ་མོ་བདག །རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་འོང༌་། །མཐོང་དང་རྗེས་སུ་དྲན་པའི་ལུས་ཅན་གྱི། །རྩ་ཁམས་རོ་མཉམ་རྡོ་རྗེར་བྱིན་རློབ་པ། །གདན་གསུམ་སྔགས་ཀྱི་གྲོང་ཁྱེར་ཁོ་མོའི་ལུས། །དངོས་གྲུབ་རྫོགས་ལྡན་སྙིང་པོའི་དཔལ་ལ་ལྟོས། །ང་ནི་བདེ་ཆེན་རྣལ་འབྱོར་ཆུ་བོའི་མཛོད། །རྒྱལ་རྣམས་བདེ་ཆེན་རྒྱ་མཚོ་བསྲུབ་ལས་བསྐྱེད། །དེ་ལས་དཀོན་མཆོག་ལོ་ཏོག་ཆེར་རྒྱས་ཏེ། །ང་ལས་མ་བལྟམས་དཀོན་མཆོག་གསུམ་ཡོད་མིན། །ཤུལ་རིང་སྲིད་པའི་འབྲོག་ཏུ་མན་ངག་གི། །སྦྱིན་གཏོང་ཁང་པ་ཕྱུག་པོ་ཉེར་བསྒྲུབས་ཏེ། །ཚུར་ཤོག་སྐུ་གསུམ་འདོད་དགུའི་མཆོག་ལོངས་ཞེས། །སྐལ་ལྡན་མགྲོན་ལ་ཁོ་མོ་སྡོད་ཅིང་མཆིས། །ཀྱེ་ཀྱེ་ཆོས་ཚུལ་བཀྐུ་ལ་ཤིང་ནི། །བདེན་བྲལ་མཛེས་མའི་འགྲམ་ཆང་གིས་འབྱེད་དེ། །དགེ་ལེགས་དེ་ཡིས་རྣལ་འབྱོར་དབང་པོའི་ཚེ། །ཟླ་ཟེར་རེག་པའི་ཀུ་མུ་ཏ་བཞིན་བྱེད། །ཅེས་གསུངས་ཚོགས་བརྒྱད་སྲིན་པོའི་ཡུལ་གླིང་རྣམས། །རྩེ་དགའི་རྣམ་འཕྲུལ་རྒྱས་པས་ཟིལ་མནན་ནས། །བརྗོད་བྲལ་ནང་དབྱིངས་ཞི་བའི་པདྨ་འོད། །དེར་ནི་འཛུམ་ཞལ་མངོན་ཕྱོགས་དགྱེས་པར་གྱུར། །དང་པོ་གཞོམ་མེད་ན་དཱའི་སྐྱེ་གནས་པ། །བར་དུ་དམ་ཆོས་ཡི་གེའི་རྒྱུན་མང་འཇོ། །ཐ་མར་མཁའ་འགྲོའི་བརྡ་ཡིག་གོང་བུར་གྱུར། །མཐར་ཐུག་སྙིང་དབུས་མི་ཤིགས་སྤྲིན་སྒྲར་ཐིམ། །རིག་འཛིན་བླ་མ་དེ་ཡི་ཟླ་བའི་ཞལ། །བསམ་ཡས་ཆོས་ཀྱི་ག་བུར་དོག་པ་ཅན། །ནུབ་རིར་གཟིམས་ལ་ཕྱོགས་པ་དབང་མིག་ལོར། །བརྟོད་པ་དམ་པོས་བཟུང་བའང་འདི་ཡིས་བྱས། །སྔོན་བྱུང་མཁའ་སྤྱོད་བསྒྲུབ་པའི་གཏེར་བརྒྱུད་ཀྱི། །ལམ་སྲོལ་ཕལ་ཆེར་ནུབ་ཅིང་འཆལ་བ་ན། །མྱུར་བདེའི་ལམ་བཟང་འདི་ཉིད་འཛིན་པ་བརྒྱས། །དྷུ་མ་ཐི་རའི་སྐལ་བཟང་རྒྱས་པར་བྱས། །ལྷ་དང་ལྷ་མིན་གྲུབ་པའི་རིག་སྔགས་འཆང་༌། །དཔག་མེད་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །སྔོན་བཞིན་ཟབ་མོའི་དགོངས་གཏེར་ཡོངས་བཟུང་སྟེ། །སྐལ་ལྡན་རྣམས་ལ་རྒྱུན་དུ་སྣང་བར་ཤོག །སྐྱེ་བ་ཀུན་ཏུ་པད་འབྱུང་རྒྱལ་བ་དང་༌། །ཡུམ་གཅིག་རྣལ་འབྱོར་མ་ཡི་ཞབས་བསྟེན་ཅིང་༌། །དམ་ཚིག་མི་ཉམས་གསང་སྔགས་སྙིང་པོའི་གནད། །རྙེད་ནས་རྩེ་གཅིག་སྒྲུབ་ལ་བརྩོན་པར་ཤོག །སངས་རྒྱས་འབྱུང་བ་ལས་ཀྱང་རྙེད་དཀའ་བའི། །འོད་གསལ་སྙིང་པོའི་ལམ་མཆོག་མ་ནོར་བ། །དུས་རྣམས་ཀུན་ཏུ་ཕྱོགས་བཅུར་རྒྱས་བྱེད་ཅིང་༌། །གོ་འཕང་བླ་མེད་འགྲོ་ལ་སྦྱིན་པར་ཤོག །སྟོང་ཆེན་དབྱིངས་སུ་རང་བྱུང་རིག་པའི་སྐུ། །ཁྱད་ཆོས་དྲུག་གིས་མངོན་པར་བྱང་ཆུབ་སྟེ། །སྲིད་ཞིའི་འཁོར་ལོ་མཉམ་པར་སྡོམ་བྱེད་པའི། །ཀུན་ཏུ་བཟང་མོ་ཚེ་འདིར་འགྲུབ་པར་ཤོག །མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ལོ་རྒྱུས་དང་འབྲེལ་བའི་ཚིགས་སུ་བཅད་པ་དཔའ་བོའི་ཡིད་འཛིན་ཞེས་བྱ་བ་སྡོམ་བརྩོན་མཁས་དབང་དམ་པ་འཇིགས་མེད་འོད་གསལ་གྱིས་ཡང་ཡང་བསྐུལ་བའི་ངོར། འཇིགས་མེད་བསྟན་པའི་ཉི་མས་བྲིས་པ་འགྲོ་ཀུན་ཡེ་ཤེས་མཁའ་འགྲོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དེ་ནས་ཆེད་དུ་བརྗོད་པའི་སོགས་ཤོ་ལོ་ཀ་བརྒྱད་པོ་སླད་ནས་རང་ཉིད་ཀྱིས་བསྣན་པ་དགེ། །

47.2K