༄༅། །རང་གི་རྟོགས་བརྗོད་ཀུ་སཱ་ལིའི་རྣམ་ཐར་ཞེས་བྱ་བ་བཞུགས་སོ། །

རིག་འཛིན་དཔལ་ལྡན་བཀྲ་ཤིས།

བླ་མ་ལ་ཕྱག་འཚལ་ལོ། །ཁྱེད་དྲི་རྟོག་མཁན་གྱི་དགེ་བཤེས་ལ། །ངས་ཚིག་གསུམ་བཤད་ཀྱི་རྣ་བས་ཉོན། །དོན་ཡིན་མིན་ཐུགས་བསམ་ལེགས་པར་བཞེས། །ང་མདོ་མེད་ཡིན་ཚུལ་འདི་ལྟར་ལགས། །མི་མཐོ་དམན་འབྲིང་གསུམ་སུ་ལའང་འགྲོགས། །སུ་གང་གིའང་ངོ་སྲུང་བྱེད་མ་མྱོང་། །ཡུལ་དབུས་གཙང་ལྗོངས་ཀྱི་གྲྭ་ས་དེར། །མི་བདག་དང་མཐུན་པའི་གྲོགས་འགའ་ལ། །དུས་ཡུན་རིང་བར་དུ་འགྲོགས་ན་ཡང་། །ངས་ཁ་གསག་ཕྱེ་གཏོར་བྱེད་མ་མྱོང་། །དུས་དེང་སང་ཁོང་ཚོ་བླ་མར་སོང་། །བདག་མདོ་མེད་ས་མཐའི་བྱ་བྲལ་བྱས། །ཚེ་འདི་ཡི་ཁེ་གྲགས་ཁོང་ཚོ་ཆེ། །ཚེ་ཕྱི་མའི་ལག་རྟེན་ང་རང་བཟང་། །ནོར་ཟང་ཟིང་གི་དངོས་པོ་ཁོང་ཚོར་མང་། །ནོར་འཛད་མེད་ཆོག་ཤེས་ང་ལ་ཡོད། །ཕྱི་ཐོས་པའི་ང་རྒྱལ་ཁོང་ཚོ་མཐོ། །ནང་ཉམས་མྱོང་རྟོགས་པ་ང་རང་དགའ། །འདི་ངེས་ཚིག་སྨྲ་བ་མ་གཏོགས་པར། །ང་བཟང་ཞེས་རློམ་པས་བཅིངས་པ་མིན། །ཁྱེད་དགེ་བཤེས་ཚེ་འདིའི་གྲོགས་པོ་ལ། །ངོ་ཅི་ཟིན་བྱེད་དང་ང་མི་མཚུངས། །ངས་གཏན་གྱི་གྲོགས་སུ་དྲན་ཤེས་བསྟེན། །དྲན་ཤེས་བཞིན་འདི་ལ་བསླུ་བ་མེད། །ཚེ་འདི་ཡི་གྲོགས་པོ་ཕལ་ཆེར་གྱིས། །འཕྲལ་དགའ་བར་སྟོན་ཡང་ནམ་ཕུགས་སུ། །དཔེ་འཚོ་བྱེད་སྨན་དང་རེག་ཕུང་དུག །དེ་གང་འགྱུར་མི་ཤེས་ཐུགས་བཞག་མཛོད། །ཅེས་པའང་དཀར་ཤོད་ཀྱི་དགེ་བཤེས་གྲོགས་པོ་དགའ་བ་ལ་སྨྲས་པའོ། །

རྩོམ་སྒྲིག་པ། ཨ་ནུ།

47.2K