༄༅། །རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་མགུར་ཚན་ཞིག་བཞུགས་སོ། །

བསམ་བློ་མེད་པའི་བླ་མཆོད་དང་། །དད་པ་ཅན་གྱི་ཡོན་བདག་གཉིས། །ཡུན་རིང་འགྲོགས་པའི་ཐ་མ་ན། །ཕན་ཚུན་རེ་འཁེངས་འཆོར་ཉེན་ཡོད། །ཡོན་ཏན་ཅན་གྱི་བླ་མཆོད་དང་། །སེར་སྣ་ཅན་གྱི་ཡོན་བདག་གཉིས། །ཡུན་རིང་འགྲོགས་པ་ལྟ་ཅི་སྨོས། །ཞག་གསུམ་འགྲོགས་ནས་སོ་སོར་འགྲོ། །དེས་ན་ཡོན་བདག་མཁས་པ་དང་། །བླ་མཆོད་དེ་ཡང་མཁས་པ་དགོས། །བསམ་བློ་ཕར་གཏོང་ཚུར་གཏོང་དང་། །ཕན་ཚུན་གཅིག་ལ་གཅིག་ཤེས་དགོས། །མཁས་པ་ཟེར་ཚད་མཁས་པ་མིན། །མཁས་པ་ཕལ་ཆེར་གྲགས་སྐམ་ཡིན། །ཀ་མད་སུམ་ཅུའི་འབྱུང་ཁུངས་ཀྱང་། །རྩ་ལ་ཐུག་དུས་ཨུག་གེ་མང་། །གླེན་པ་ཟེར་ཚད་གླེན་པ་མིན། །གླེན་པ་ཕལ་ཆེར་གདེང་ཅན་ཡིན། །དོན་ཆེན་ལས་ལ་ཐུག་པའི་ཚེ། །སུས་ཀྱང་མི་ཐུབ་དཔའ་བོ་མང་། །ཆོས་པ་ཟེར་ཚད་ཆོས་པ་མིན། །ཆོས་པ་ཕལ་ཆེར་གླེན་པ་ཡིན། །བཟང་ངན་བསམ་བློ་མི་གཏོང་བའི། །ཨུ་ཚུགས་ཅན་དེ་བླུན་པོ་ཡིན། །སྨྱོན་པ་ཟེར་ཚད་སྨྱོན་པ་མིན། །སྨྱོན་པ་ཕལ་ཆེ་ཆོས་པ་ཡིན། །སྤྱོད་པ་མི་དང་མི་བསྟུན་པའི། །ཆོས་ལ་བློ་གཏད་ཆོས་པ་ཡིན། །མཁས་པ་དང་ནི་ཡོན་ཏན་ཅན། །དེ་ལ་ཁེངས་སྐྱུངས་ཡོད་པས་ན། །དེ་ཡི་ཟེར་ཚད་བདེན་ལེ་མིན། །མཁས་པ་ཞིག་གིས་བརྟགས་ན་ཤེས། །ཁྲམ་པ་དང་ནི་གཡོ་སྒྱུ་ཅན། །དེ་ལ་རང་འདོད་ཡོད་པས་ན། །དེས་ཀྱང་ཟེར་ཚད་བདེན་ལེ་མིན། །རྟོག་དཔྱོད་བཏང་ན་ཕལ་ཆེར་གོ། །རང་བཞིན་དྲང་དང་མདོ་མེད་གཉིས། །དེ་ལ་རྟོག་དཔྱོད་ཆེར་མེད་པས། །དེས་ནི་ཟེར་བ་ཕལ་ཆེར་བདེན། །དེ་ལ་བློ་གཏད་བྱས་ཀྱང་རུང་། །ཚུལ་འདི་མདོ་སྨད་བྷུ་སུ་ཀུ། །བན་གཟུགས་འཁྱམས་པོ་གང་དེ་ཡིས། །དཀར་ཞེས་བྱ་བའི་ལུང་པ་རུ། །ཐོགས་པ་མེད་པར་ཡི་གེར་བྲིས། །

རྩོམ་སྒྲིག་པ། ཀ་དག

47.2K