༄༅། །གྲུབ་དབང་པདྨ་རང་གྲོལ་གྱིས་ཞོ་བོང་ལ་ཁའི་སྔགས་མང་ལ་གནང་བའི་ཞལ་གདམས་བཞུགས་སོ། །

ཨོཾ་སྭ་སྟི། ཕྱོགས་བཅུའི་རྒྱལ་ཀུན་ཡོངས་ཀྱི་འདུས་གཟུགས་མཆོག །མཆོག་གསུམ་བདག་ཉིད་དྲིན་ཅན་འཁོར་ལོའི་མགོན། །མགོན་མེད་འགྲོ་ཀུན་གཉེན་གཅིག་ཆོས་ཀྱི་རྒྱལ། །རྒྱལ་བ་གཉིས་པ་དེ་ལ་གུས་ཕྱག་འཚལ། །དད་དམ་ནོར་བུའི་ཐུགས་རྒྱུད་ཡོངས་གཏམས་པའི། །དད་ལྡན་ཞོ་བོང་ལ་ཁའི་སྔགས་མང་གིས། །ཡང་ཡང་བསྐུལ་ངོར་འདི་ཕྱིར་ཕན་པའི་གཏམ། །གཏམ་འདི་བརྗོད་ལ་སྒོ་གསུམ་གུས་པས་ཉོན། །འདི་སྣང་འཁོར་བའི་ཆོས་རྣམས་རྨི་ལམ་ལྟར། །འདི་སྣང་འགགས་ཚེ་སྙིང་པོ་མེད་པས་ན། །འདི་ཕྱིར་དགེ་བའི་ཐབས་ལ་འཇུག་པའི་ཚུལ། །འདི་བཞིན་མཛོད་དང་གཏན་གྱི་འདུན་མ་འགྲུབ། །དལ་བརྒྱད་འབྱོར་བཅུས་རབ་མཛེས་དལ་བའི་རྟེན། །རྟེན་མཆོག་འདི་འདྲ་ཡང་ཡང་ཐོབ་པར་དཀའ། །དཀའ་བའི་ཚུལ་ལ་བསམ་ཞིང་སྙིང་པོ་ལོངས། །ལུང་མ་བསྟན་དུ་དལ་རྟེན་ཆུད་མ་ཟ། །སྟོབས་བཅུ་མངའ་བ་རྒྱལ་རྣམས་འདའ་ཚུལ་བསྟན། །བསྟན་འཛིན་དམ་པ་རིམ་བྱོན་དུ་མ་འདས། །སྟོབས་ལྡན་ཚངས་དབང་བརྒྱ་བྱིན་མི་རྟག་ན། །སྟོབས་མེད་ཆུ་བུར་ལུས་འདི་ངེས་པར་འཇིག །འཇིགས་རུང་ཡ་ང་ངན་སོང་འཁོར་བའི་གནས། །གནས་སུ་སྐྱེས་ན་ཚ་གྲང་ཇི་ལྟར་བཟོད། །བཟོད་མེད་སྡུག་བསྔལ་ངང་ཚུལ་ལ་བསམ་ན། །ན་རཀ་ངན་སོང་གནས་ལ་མི་འཇིགས་སུ། །མགོན་དུ་རེ་ན་མི་བསླུ་གཏན་གྱི་སྐྱབས། །སྐྱབས་མཆོག་རིན་ཆེན་གསུམ་ལས་གཞན་ན་གང་། །གང་ཞིག་འཇིག་རྟེན་དཔོན་དང་ལྷ་གཉན་ཀུན། །ཀུན་ཀྱང་འཁོར་བར་གནས་ཕྱིར་སྐྱབས་མཆོག་མིན། །ཐེག་ཆེན་ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །སེམས་མཆོག་མ་བསྐྱེད་བྱང་ཆུབ་ཐོབ་མི་སྲིད། །སྲིད་གསུམ་འགྲོ་ཀུན་རྣམ་མཁྱེན་ལ་འགོད་བློ། །བློ་ཆེན་བྱང་ཆུབ་སེམས་མཆོག་བསྐྱེད་པ་གནད། །ཐོག་མེད་ནས་བསགས་མ་རིག་ལས་ཉོན་ཀུན། །ཀུན་ཀྱང་དག་པར་མཛད་པའི་ཐབས་ཀྱི་མཆོག །མཆོག་གྱུར་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ། །ལ་འུར་གཅིག་ཏུ་འབད་པ་གདམས་པའི་ཕུལ། །ཚོགས་གཉིས་བསོད་ནམས་དྲི་བཞོན་མཐུ་བསྐྱེད་ན། །ན་བུན་ལྟ་བུའི་སྒྲིབ་གཉིས་ཡལ་གྱུར་ནས། །སྐུ་གཉིས་ཟླ་ཉིའི་སྣང་བ་ཆེར་གསལ་ཞིང་། །སྐུ་གསུམ་མངོན་ཏུ་འགྱུར་ལ་སོམ་ཉི་བྲལ། །མ་ནོར་ལམ་བཟང་སྟོན་པའི་བླ་མ་མཆོག །མཆོག་གསུམ་འདུས་ཞལ་མོས་ལ་སྤྱི་བོར་སྒོམས། །སྒོམ་སྒྲིབ་ཀུན་ལས་ཁྱད་པར་དུ་མས་འཕགས། །འཕགས་ཆོས་ལམ་དེར་སྙིང་ནས་བརྩོན་པ་གཅེས། །ཁ་ཞེ་མེད་པས་ཡང་ཡང་གསོལ་བཏབ་མཐར། །མཐར་ནི་བླ་མ་འོད་ཞུ་རང་གི་སེམས། །སེམས་དང་དབྱེར་མེད་གྱུར་པའི་རང་ངོ་དེ། །དེ་བཞིན་མ་བཅོས་ངང་ཉམས་རྒྱུན་དུ་སྐྱོངས། །སེམས་ཉིད་སྟོང་པར་ལྟ་ན་ཆད་ལྟ་དང་། །སེམས་ཉིད་དངོས་པོར་བལྟས་ན་རྟག་ལྟ་ཡིན། །ཡོད་མེད་དགག་སྒྲུབ་དང་བྲལ་རང་བཞིན་གཤིས། །གཤིས་ལུགས་ལྷུག་པར་སྐྱོང་བ་གནད་དུ་ཟབ། །རྣམ་རྟོག་ཕྲ་རགས་གང་དང་གང་ཤར་ཡང་། །ཡང་དག་རིག་སྟོང་ངང་ལས་ཡོངས་མ་འདས། །འདས་དང་མ་འདས་རྟོག་དཔྱོད་མ་བྱེད་པར། །བར་སྣང་མཁའ་དབྱིངས་ལྟ་བུའི་ངང་ལ་ཞོག །ཀ་དག་དབྱིངས་ལས་ཤར་བའི་རིག་དངོས་དབྱིངས། །དབྱིངས་རིག་ལྷུན་གྲུབ་འོད་གསལ་ཐོད་རྒལ་གྱི། །ལམ་མཆོག་སྒོ་ཡུལ་རླུང་རིག་གནད་རྣམས་ཀུན། །ཀུན་ཀྱང་མ་ཚང་མེད་པར་ཉམས་སུ་ལོངས། །བརྩོན་འགྲུས་རབ་རྣམས་ཚེ་འདིར་འཇའ་ལུས་འགྲུབ། །བརྩོན་འགྲུས་འབྲིང་རྣམས་བར་དོར་གྲོལ་འགྱུར་ཞིང་། །བརྩོན་འགྲུས་ཐ་མ་སྤྲུལ་སྐུའི་ཞིང་ཁམས་བསྒྲོད། །བརྩོན་འགྲུས་ཡང་ཐ་རྣམས་ཀྱང་རྟེན་བཟང་འཐོབ། །ཕྱི་ནང་སྣོད་བཅུད་དམ་པར་རྣམ་གསུམ་ལྷར། །ཕྱི་ནང་ཁམས་རྣམས་དག་པ་ལྷའི་རྣམ་རོལ། །ཡོངས་ཤར་དག་པ་རབ་འབྱམས་འབའ་ཞིག་ཏུ། །དུ་མར་འཆར་བའི་ལམ་བཟང་བསྐྱེད་རིམ་སྒོམས། །རྩ་ཐིག་རླུང་གསུམ་མ་དག་ཕུང་ཁམས་ཀུན། །ཀུན་ཀྱང་དག་ཆེན་ཡེ་ཤེས་བསྒྱུར་སླད་དུ། །མཚན་བཅས་རྩ་ཐིག་རླུང་གསུམ་ལ་སྦྱང་ནས། །མཚན་མེད་བདེ་གཤེགས་ཡེ་ཤེས་རྒྱ་ཡིས་ཐོབ། །གསང་ཆེན་བསྐྱེད་རྫོགས་ཉམས་ལེན་བྱེད་འདོད་ན། །གསང་སྔགས་སྤྱི་དགོས་དམ་ཚིག་ཚུལ་བཞིན་བསྲུང་། །བསྲུང་མཚམས་ལས་འདས་འཕྲལ་དུ་འགྱོད་པས་བཤག །བཤག་བྱ་བཤགས་བྱེད་མེད་པའི་ཀློང་དུ་ཞོག །ཚེ་འདི་ཡུན་ཐུང་ལོ་ཟླ་ཙམ་ཞིག་ཡིན། །ཚེ་སྲོག་མི་རྟག་འཆི་བའི་ཚུལ་སོམས་ལ། །ཚེ་འདིར་མ་ཆགས་ཉམས་ལེན་ལེགས་མཛད་ནས། །ཚེ་རབས་ཀུན་ཏུ་བདེ་བའི་ཐབས་ལ་འབོད། །ལས་ལྡན་རྣམས་ཀྱི་ཚེ་འདི་བློ་ཡིས་ཐོངས། །ལས་ཀྱི་དབང་གིས་དེ་ལྟར་མ་བྱུང་ན། །ལས་ངན་ངན་སོང་རྒྱུ་སྤོང་དགེ་ཚོགས་སྒྲུབས། །ལས་འབྲས་བསླུ་མེད་ངང་ཚུལ་ཤེས་པར་མཛོད། །སྔར་ཡོད་ཆོས་ཐོག་ཚེས་བཅུ་གོང་འཕེལ་དང་། །སྔར་མེད་གསར་བཙུགས་རྣམས་ཀྱང་ཆད་མེད་ཀྱིས། །ལོ་ཟླའི་མཚམས་སྒྲུབ་རྣམ་དཀར་དགེ་བའི་ལས། །ལོ་བཞིན་གོང་འཕེལ་མཛོད་ཀྱི་ཐལ་མོ་སྦྱར། །ཚུལ་འདི་སྔོན་སྨོན་ལས་འབྲེལ་མཐུ་ལྡན་པ། །ཚུལ་ལྡན་ཞོ་བོང་ལ་ཁའི་རིག་སྔགས་འཆང་། །ཡོངས་ཀྱིས་བསྐུལ་ངོར་བྱ་བྲལ་སྔགས་ཟོག་པས། །ཡོངས་འཛིན་དམ་པའི་གསུང་བཞིན་འདི་བྲིས་དགེ། །དགེ་ལེགས་གཞི་རྟེན་བླ་མའི་བྱིན་རླབས་དང་། །དགེ་རྫོགས་རྒྱ་མཚོའི་ནུས་མཐུས་རིག་སྔགས་འཆང་། །དགེ་འདུན་ཚོགས་རྣམས་ཚེ་དཔལ་འབྱོར་བ་རྒྱས། །དགེ་མཚན་བཀྲ་ཤིས་སྣང་བ་གསལ་གྱུར་ཅིག །ཅེས་དད་པ་དང་དམ་ཚིག་མཆོག་དང་ལྡན་པའི་མཐུ་སྟོབས་ནུས་གསུམ་གྱི་མངའ་བདག་ཞོ་བོང་ལ་ཁའི་སྔགས་མང་ཐུན་མོང་ནས་བསྐུལ་བ་བཞིན། བདེ་ཆེན་དགའ་བདེའི་དཔལ་ལ་སྤྱོད་པ་བྱ་བྲལ་པདྨ་རང་གྲོལ་གྱིས་མཚམས་མལ་ནས་བྲིས་པ་དགེའོ། །

རྩོམ་སྒྲིག་པ། གསང་སྔགས་ཐེག་མཆོག་རྡོ་རྗེ།

47.2K