༄༅། །ཀུན་མཁྱེན་རིག་འཛིན་བླ་མ་འཇིགས་མེད་གླིང་པ་ལ་བསྟོད་པ་དད་བརྒྱའི་པདྨོ་རྒྱས་བྱེད་བདུད་རྩིའི་ཟིལ་ཆར་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་ཨ་བྷྱ་དྭི་བ་སེ་ན་ཡ། བསིལ་ལྡན་འཛིན་མའི་འཁོར་ཡུག་རབ་ཡངས་པར། །ཐེག་རྒྱལ་བསྟན་པའི་བ་དན་འཛིན་ནོ་ཅོག །གང་གི་བཀའ་དྲིན་བདུད་རྩིས་ཉེར་འཚོ་བ། །རིག་འཛིན་འཇིགས་མེད་གླིང་པར་མགོས་ཕྱག་འཚལ། །ཕུལ་བྱུང་ལེགས་བཤད་འོད་བརྒྱས་ཐེག་མཆོག་ཞིང་༌། །གསལ་ནུས་ཀློང་ཆེན་ཉིན་བྱེད་མནལ་བ་ན། །མཁྱེན་བརྩེའི་ཆ་གང་འཇིགས་མེད་ཟླ་བ་ཁྱོད། །ལྔ་བདོའི་མུན་གླིང་སྐྱོབ་པ་གཅིག་པུར་བྱོན། །མཆོག་གྲུབ་སྨོན་པའི་མེ་ཏོག་དུས་བཞིན་བརྗེས། །མཚོ་སྐྱེས་ལུང་གིས་རབ་བསྔགས་བདེན་པ་བསྟེན། །བརྒྱུད་འཛིན་མྱུ་གུའི་ཕྲེང་བའང་འཐོན་ལ་ཕྱོགས། །ཁྱོད་འཁྲུངས་ཚེ་ན་འདི་དག་མཉམ་དུ་བྱུང་༌། །ལ་ལ་ལྡུམ་ར་བཞིན་དུ་གཞན་གྱིས་བསྐྱངས། །ཁ་ཅིག་བུང་བ་བཞིན་དུ་ངལ་བརྒྱས་རྙེད། །ཁྱོད་ནི་འབྱུང་ཁུངས་མཆོག་ལ་གསེར་བཞིན་དུ། །ལང་ཚོའི་མེ་ཏོག་ཆེས་ཕྲའི་གནས་སྐབས་ནའང་༌། །སྐུ་ཚེ་སྔ་མའི་རྨད་བྱུང་མཛད་པ་དང་༌། །སྐྱབས་གཅིག་ཨོ་རྒྱན་བླ་མ་རྗེས་དྲན་ཞིང་༌། །བྱང་ཆུབ་ཐུགས་ཀྱི་གཞན་དབང་ཉིད་གྱུར་ཏེ། །བསམ་ཡས་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ། །པདྨའི་གདུང་འཚོབ་སྐྱིད་གྲོང་རིག་འཛིན་དང་༌། །དྲི་མེད་གླིང་པས་ཆོས་ཀྱི་མཛོད་གཏད་ཅིང་༌། །དོན་བརྒྱུད་རྟོགས་པའི་བང་མཛོད་ལྡེ་མིག་དང་༌། །གཏེར་བརྒྱུད་ནོར་བུའི་ཅོད་པན་ཁྱོད་ལ་བྱིན། །ཐེག་མཆོག་ལམ་དང་འབྲས་བུའི་ཤིང་རྟ་ཆེ། །ཅི་བདེར་རྒྱུ་བ་དཀའ་སྤྱད་སྒྲུབ་པའི་སྲང་༌། །མིང་ཙམ་ལྷག་མར་གྱུར་པའི་དུས་ཀྱི་མཐར། །སྔོན་བཞིན་གསལ་མཛད་མི་ངལ་དཔའ་བོའི་ཟླ། །བྱང་ཆུབ་མཆོག་ཕྱིར་རྟག་འགྲུས་སྦྱོར་བའི་ལམ། །གཡར་དམ་བདུན་གྱིས་བརླིང་བ་ལེགས་བརྟེན་ཏེ། །སྣ་ཚོགས་ལས་དང་གཡེང་བའི་ཁྱད་པར་ཀུན། །ཉེར་ཞིའི་སྟེགས་ལ་ངལ་གསོ་བགྱིད་དུ་སྩལ། །ཐུན་མོང་ཐུན་མིན་བྱང་ཆུབ་སེམས་གཉིས་ཀྱི། །རྒྱ་མཚོ་ཡོངས་རྫོགས་བརྩོན་པའི་ཧུབ་གཅིག་གིས། །གསོལ་བས་སངས་རྒྱས་སྙིང་པོ་རབ་བསྐུལ་ཏེ། །རྡོ་རྗེ་གསུམ་མཆོག་གྲུབ་པའི་ལང་ཚོ་རྒྱས། །དེ་ཚེ་རང་སྣང་རྡོ་རྗེའི་འོག་མིན་དུ། །ཏིང་འཛིན་མཆོག་གི་བདེ་བས་དགྱེས་རོལ་པའི། །ཁྱོད་ཀྱི་འབྱོར་པ་ཅི་འདྲ་དེ་ལྟ་བུ། །ས་གསུམ་དབང་པོ་རྣམས་ལའང་ཡོད་མ་ཡིན། །འོན་ཀྱང་ཟས་གོས་ངན་ངོན་གྱིས་འཚོ་ཞིང་༌། །རྡོ་བའི་མལ་སྟན་སྲ་བ་ཙམ་བལྟས་ནས། །སྐལ་པ་ངན་ཞེས་སྙིང་རྗེར་སེམས་པ་འགས། །ཕལ་དང་དམ་ཆོས་རིང་བར་མནའ་ཆུ་བཏུང་༌། །རྨོངས་པས་ཁྲེལ་བའི་བསྟིང་ཚིག་རླུང་ལ་བསྐུར། །དམ་པའི་རྣམ་ཐར་བདུད་རྩི་ངོམ་མེད་གསོལ། །དེ་མཐུས་འཇིག་རྟེན་བླུན་པོའི་སྤྱོད་ཡུལ་བརྒལ། །འཕགས་པ་དགྱེས་པའི་གོ་འཕང་རབ་མཆོག་བརྙེས། །ཁྱད་པར་སྔོན་སྦྱངས་ཡོན་ཏན་གཏེར་གྱི་རྒྱ། །རྡོ་རྗེ་རྩེ་མོའི་འཕྲུལ་གསང་གིས་ཕྱེ་བས། །སྤང་བླང་སེམས་འཛིན་རྩོལ་བའི་སྒྲོག་མདུད་གྲོལ། །ཀུན་བཟང་དགོངས་པའི་རྩལ་ཆེན་ཕྱོགས་མེད་རྒྱས། །ཡུལ་སྣང་ཀུན་རྟོག་རི་མོའི་འཕྲུལ་དུ་གཟིགས། །རྟོག་ཚོགས་རིག་རྩལ་སྒྱུ་མའི་འཁོར་ལོར་ཤར། །རིག་པ་གདོད་ནས་རྣམ་དག་དབྱིངས་དང་འདྲེས། །ཉག་གཅིག་ཐིག་ལེའི་ཀློང་དུ་ཆོས་ཀུན་རྫོགས། །ཞིབ་ལ་གྲངས་མང་ཤེས་བྱའི་རྡུལ་ཕྲན་དང་༌། །བསམ་གྱིས་མི་ཁྱབ་གནས་ལུགས་ཟབ་མོའི་གཏིང་༌། །མཐའ་དག་རང་གནས་ཡེ་ཤེས་གཅིག་ཁོ་ནའི། །གནད་ལ་བརྟེན་ནས་ཕྱག་མཐིལ་རྫས་བཞིན་གཟིགས། །རྒྱལ་བ་རིག་འཛིན་མཁའ་འགྲོའི་ཚོགས་རྣམས་དང་༌། །ཀ་དག་གཉུག་མའི་དབྱིངས་སུ་ཐུགས་ཡིད་འདྲེས། །ལྷུན་གྲུབ་འོད་གསལ་ཞིང་དུ་བགྲོ་བ་མཛད། །འགྲོ་འདུལ་རྒྱལ་ཚབ་སྐྱེས་བུར་བྱིན་གྱིས་བརླབས། །དག་པ་རྣམས་ལ་རྒྱན་བྱེད་གཞན་ཡང་འབྱུང་༌། །རྙོག་བྲལ་ཆུ་ལ་ཟླ་བའི་གཟུགས་བརྙན་བཞིན། །གང་བར་གྱུར་ཀྱང་འགེངས་ཕྱིར་བརྩོན་པ་ཡོད། །རྒྱ་མཚོ་ཆེ་ལ་ཕྱོགས་བཞིའི་ཆུ་ཀླུང་བཞིན། །དེ་བཞིན་མགོན་ཁྱོད་དགོངས་པ་རྣམ་དག་ཅིང་༌། །ཡེ་ཤེས་དགོས་འབྱུང་ནོར་བུའི་གཏེར་བརྙེས་པས། །དབྱིངས་ཕྱུག་མཁའ་འགྲོའི་གསང་བའི་ཆོས་མཛོད་ནས། །སྙིང་ཐིག་སྤྲུལ་པའི་གླེགས་བམ་ཆར་དུ་བསྙིལ། །རིང་ནས་རྣལ་འབྱོར་གོམས་པའི་བྱི་དོར་གྱིས། །ཤིན་ཏུ་སྦྱངས་པ་མཁྱེན་བརྩེའི་དྭངས་ཤེལ་འོད། །བསེ་རུའི་བརྟུལ་ཞུགས་ཟ་མ་ཏོག་ནང་དུ། །སྦས་ཀྱང་རང་བྱུང་པདྨའི་ཐུགས་བསྐྱེད་དང་༌། །ཀློང་ཆེན་དགོངས་པའི་འོད་ཟེར་གྱིས་བསྐུལ་ཏེ། །སྔོན་མེད་ལེགས་བཤད་འོད་ལྔའི་རི་མོ་ཡིས། །རྒྱལ་བསྟན་ནམ་མཁའ་བརྒྱན་པའི་དཔལ་མཐོང་ནས། །ཕྱོགས་ཀྱི་མཛེས་མ་ཀུན་དགའི་ཅ་ཅོ་འཕེལ། །ཟབ་ཡངས་དགོངས་པ་གཏིང་མཐའ་མི་མངོན་ཡང་༌། །མ་འདྲེས་ཡོན་ཏན་གཟུགས་བརྒྱས་གསལ་བཀྲ་བ། །ཁྱོད་ཀྱིས་བལྟ་བས་མི་ངོམས་གཟུགས་ཅན་ལྔའི། །གྲགས་པའི་བ་དན་བལྟར་མི་མངོན་པར་སྦས། །དེ་ཡིས་ཉེར་བོས་སྐལ་བཟང་སློབ་མའི་ཚོགས། །སྒྲུབ་དང་ཟང་ཟིང་མཆོད་པའི་ཆར་རྒྱུན་བཅས། །ཁྱོད་ཀྱི་སྤྱན་སྔར་འདུ་ཞིང་སླར་གྱེས་པ། །དབྱར་དུས་མཁའ་ལ་སྤྲིན་གྱི་འདུ་འགོད་བཞིན། །བདག་ཉིད་ཆོས་ཚུལ་ལེགས་པར་བསྒོམ་པ་དང་༌། །གཞན་ཕན་སྨོན་ལམ་སྒྲུབ་དཀའ་གྲུབ་པ་དང་༌། །བརྒྱུད་གསུམ་གདམས་པའི་བྱིན་རླབས་བཅུད་འདུས་པས། །ཁྱོད་ལ་སུ་བསྟེན་འདུན་མ་ལེགས་པའི་རྩེ། །མཁས་རྨོངས་བར་མའི་བློ་ཡི་རིམ་པ་དང་༌། །མོས་པའི་བྱེ་བྲག་ལས་འཕྲོའི་ཁྱད་པར་སོགས། །སོ་སོར་གང་འཚམས་འདུལ་བའི་ཐབས་མཁྱེན་པས། །གཞན་དོན་སྤྱོད་ལ་བསྙེངས་དང་བྲལ་བ་ལགས། །སྟོབས་འབྱོར་རིགས་གཟུགས་རབ་འབྲིང་ཐ་མ་དང༌། །བྱམས་སྡང་བར་མར་གནས་པའི་སྐྱེ་བོའི་ཚོགས། །སྙོམས་པར་རྗེས་འཛིན་དམན་ལ་ལྷག་པར་བརྩེ། །དུལ་ཞིང་གཡོ་མེད་གཅིག་ཏུ་ཕན་འདོགས་བརྩོན། །མཐོན་པོས་བཀུར་དང་དམན་པས་བརྙས་ལ་སོགས། །ཅིས་ཀྱང་མི་འགྱུར་འཆད་ལ་སྐྱོ་ངལ་སྤངས། །ས་ལྟར་འགྲོ་བ་ཀུན་གྱི་རྟེན་གནས་འོས། །ཁྱོད་འདྲའི་མགོན་བཅས་སྐྱེ་དགུ་སྐལ་བ་བཟང་༌། །གང་གིས་ཐེག་མཆོག་སེང་གེའི་སྒྲ་དབྱངས་ཀྱིས། །མཐའ་དབུས་ཡུལ་གྲུ་ཕལ་ཆེར་ཁྱབ་གྱུར་ཏེ། །སྙིང་པོའི་ལམ་བཟང་བཤད་དང་སྒྲུབ་པ་ཡི། །དགའ་སྟོན་ས་སྟེང་བརྒྱུད་མར་གྲགས་པ་བྱུང་༌། །བིརྦས་ཞག་བདུན་ཉི་མ་རྟོད་ལ་བཟུང་༌། །མཐུ་སྟོབས་མགོན་ཞེས་གྲགས་པས་ས་གསུམ་འདར། །ཁྱོད་ཀྱིས་སྙིང་པོའི་བསྟན་པ་ནུབ་ཀའི་དུས། །ད་དུང་རྟོད་ལ་བཟུང་བ་མཐོང་བའི་ཆོས། །ཡོན་ཏན་རང་བཞིན་རྩི་སྨན་རྒྱལ་པོ་ལྟར། །སེམས་ཅན་དོན་དུ་བདག་ཉིད་ཡོངས་བསྔོས་པ། །ཁྱོད་ལ་ཆུ་ཐིགས་ཙམ་གྱི་དགེ་བསྐྱེད་ཀྱང་༌། །བྱང་ཆེན་རྒྱ་མཚོའི་འཇིངས་སུ་རོ་གཅིག་འགྱུར། །དེ་ཕྱིར་ཁྱོད་མཚན་བརྗོད་དང་རྣམ་ཐར་བསྔགས། །དད་པས་གསོལ་འདེབས་བཀའ་ལ་རི་མོར་བྱེད། །གང་ཡང་ཕྱིར་མི་ལྡོག་པའི་སྐལ་ལྡན་དུ། །པད་འབྱུང་རྡོ་རྗེའི་ལུང་གིས་གསལ་བར་བསྔགས། །ཇི་སྲིད་ཚངས་པའི་མེ་ཏོག་ཡིད་བཞིན་མཚོ། །གངས་ཅན་འཛིན་མའི་དཔལ་དུ་གནས་དེ་སྲིད། །མཚོ་སྐྱེས་རྣམ་འདྲེན་ངང་པའི་རྒྱལ་པོ་ཡང་༌། །དགྱེས་པའི་འཕུར་ལྡིང་བོད་ལ་རྩེན་པར་འགྱུར། །དེ་སླད་བསིལ་ལྗོངས་འགྲོ་བའི་ཕན་བདེ་ནི། །ཁྱོད་ཞལ་མཐོང་གྲོལ་ཟླ་བའི་རྗེས་འགྲོ་བས། །ད་དུང་དགྱེས་སྤྱན་གཟིགས་པའི་བདུད་རྩི་ཡིས། །བོད་འབངས་སྐྱོང་བའི་མཆོག་འདི་ཁྱོད་ལ་སློང་༌། །གྲངས་མེད་རིག་འཛིན་ཞིང་ནས་དཔའ་བོ་དང་༌། །མཁའ་འགྲོས་བསྟོད་དབྱངས་རོལ་མོའི་སྤྲིན་གཏིབས་པ། །ཁྱོད་ཀྱི་ཡོན་ཏན་བདག་འདྲས་དཔོག་མིན་ཡང་༌། །རང་ཡིད་རབ་དགའི་ཅ་ཅོ་ཕྲེང་བར་བསྡེབས། །དེ་ལྟར་བསྟོད་ལས་བྱུང་བའི་དགེ་ཚོགས་རྒྱུན། །གང་མཆིས་ཁྱོད་ཐུགས་བཞེད་པའི་ཀློང་རུམ་དུ། །འདྲེས་ནས་འོད་གསལ་ཐེག་པའི་ཆོས་འཁོར་གྱིས། །འགྲོ་ཀུན་གདོད་མའི་དབྱིངས་སུ་བྱང་ཆུབ་ཤོག །བདག་ཀྱང་སྲིད་པར་རྒྱུ་བའི་རབས་ཀུན་ཏུ། །ཁྱོད་ཞབས་གཙུག་གི་རྒྱན་དུ་མི་འབྲལ་ཞིང་༌། །ཐེག་མཆོག་གདམས་པའི་རོ་བཅུད་རྟག་འཐུང་བས། །རྩལ་རྫོགས་དག་པའི་དབྱིངས་ལ་དབང་སྒྱུར་ཤོག །ཀུན་མཁྱེན་རིག་འཛིན་བླ་མ་འཇིགས་མེད་གླིང་པ་ལ་བསྟོད་པ་དད་བརྒྱའི་པདྨོ་རྒྱས་བྱེད་བདུད་རྩིའི་ཟིལ་ཆར་ཞེས་བྱ་བ། ཀད་ཀོར་སྤྲུལ་པའི་སྐུ་འཇིགས་མེད་རྡོ་རྗེ་དཔའ་བོས་སྲིད་དུ་རིང་བའི་ལྷ་རྫས་ཀྱི་སྐྱེས་དང་བཅས་ཏེ་བསྐུལ་བའི་ངོར་དང་༌། རང་ཉིད་ཀྱི་དད་པའི་གསོས་སུའང་བསམས་ཏེ། སྤྲང་རྒན་བསྟན་པའི་ཉི་མས་བྲིས་པ་དགེ་བར་གྱུར་ཅིག །  ། །

རྩོམ་སྒྲིག་པ། མཁའ་སྤྱོད་དབང་མོ།

47.2K