༄༅། །གཡུ་ཐོག་རྩ་གསུམ་དང་འབྲེལ་བའི་ཚོགས་གླུ་རྡོ་རྗེའི་ཚིག་གི་རྒྱུད་མངས་ཞེས་བྱ་བ་བཞུགས་སོ། །

ཀ་དག་སྤྲོས་བྲལ་རྒྱལ་བ་དགོངས་བརྒྱུད་ཀྱི་ཀློང་ནས། །བདེ་ཆེན་ཆོས་སྐུའི་བླ་མ་སྒྲིབ་གཉིས་ཀྱི་ནད་སེལ། །ཀུན་བཟང་གདོད་མའི་མགོན་དང་དབྱེར་མེད་ཀྱི་སྨན་རྒྱལ། །སྐུ་གསུམ་དགོངས་པ་དབྱེར་མེད་ཚོགས་འཁོར་ལ་ཕེབས་དང་། །མ་དག་འཁྲུལ་སྣང་ཟད་པ་ཆོས་ཉིད་ཀྱི་ཀློང་དུ། །ཡོངས་དག་ཡེ་ཤེས་དབྱེར་མེད་ཁྱབ་གདལ་གྱི་དགོངས་པ། །ཡེ་དག་མཉམ་ཉིད་ངང་དུ་རང་གྲོལ་དུ་རྟོགས་པ། །རྣམ་དག་ཆོས་སྐུའི་མཆོད་པ་མཁའ་ཁྱབ་ཏུ་འབུལ་ན། །ཕྲ་རགས་བདུད་སྡེའི་གནོད་པ་ཡེ་ཤེས་ལ་ཟད་ཅིང་། །བརྒྱད་ཁྲི་བཞི་སྟོང་རིམས་ནད་རང་ས་ལ་དག་ནས། །ནང་གསལ་མཁྱེན་ཆ་མ་འགགས་ཀུན་བཟང་གི་དགོངས་པ། །ད་ལྟ་མངོན་དུ་འགྱུར་བར་བྱིན་གྱིས་རང་རློབས་ཤིག །བརྡའ་དོན་རྟགས་རྫོགས་རིག་འཛིན་བརྡའ་བརྒྱུད་ཀྱི་ཀློང་ནས། །ལྷུན་གྲུབ་ལོངས་སྐུའི་བླ་མ་བག་ཆགས་ཀྱི་ནད་སེལ། །ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མེད་ཀྱི་སྨན་རྒྱལ། །ཟུང་འཇུག་ཁ་སྦྱོར་བདུན་ལྡན་ཚོགས་འཁོར་ལ་ཕེབས་དང་། །གདོས་བཅས་འཁྲུལ་སྣང་ཟད་པ་འོད་ལྔ་ཡི་ཀློང་དུ། །རྣམ་བཅས་རྣམ་ཀུན་མཆོག་ལྡན་ལྷུན་གྲུབ་ཀྱི་དགོངས་པ། །སྲས་བཅས་རྒྱལ་བ་འདུས་པའི་དཀྱིལ་འཁོར་གྱི་བཀོད་པ། །མ་བཅོས་ལོངས་སྐུའི་མཆོད་པ་མཁའ་ཁྱབ་ཏུ་འབུལ་ན། །ཐ་མར་སྣང་སེམས་བཞི་ཆ་སུམ་བྲལ་དུ་ཟད་ཅིང་། །འོད་ལྔའི་རང་མདངས་རིགས་ལྔའི་དཀྱིལ་འཁོར་དུ་དག་གནས། །རང་བཞིན་གསལ་བ་སྐུ་དང་ཡེ་ཤེས་ཀྱི་དགོངས་པ། །ད་ལྟ་མངོན་དུ་འགྱུར་བར་བྱིན་གྱིས་རང་རློབས་ཤིག །ཐུགས་རྗེ་རིག་རྩལ་གང་ཟག་སྙན་རྒྱུད་ཀྱི་ཀློང་ནས། །གང་འདུད་སྤྲུལ་སྐུའི་བླ་མ་དུག་གསུམ་གྱི་ནད་སེལ། །བཻ་ཌཱུརྱ་སྣང་མགོན་དང་དབྱེར་མེད་ཀྱི་སྨན་རྒྱལ། །བདེ་དང་སྟོང་པ་དབྱེར་མེད་ཚོགས་འཁོར་ལ་ཕེབས་དང་། །བདེན་འཛིན་འཁྲུལ་པ་ཟད་པ་ཆོས་ཉིད་ཀྱི་མཁའ་ལ། །གཉིས་འཛིན་རྟོག་མེད་སོ་སོར་རང་རིག་གི་དགོངས་པ། །ཏིང་འཛིན་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་བཀོད་པ། །ཀུན་འཛིན་སྤྲུལ་སྐུའི་མཆོད་པ་མཁའ་ཁྱབ་ཏུ་འབུལ་ན། །དུག་གསུམ་རྒྱུ་འབྲས་བཅས་པ་ཆོས་ཉིད་ལ་ཟད་ཅིང་། །བཞི་བརྒྱ་རྩ་བཞིའི་ནད་རིགས་ལྷག་མེད་དུ་དག་ནས། །ཐུགས་རྗེས་སྣ་ཚོགས་སྤྲུལ་པ་མཐའ་ཀླས་ཀྱི་དགོངས་པ། །ད་ལྟ་མངོན་དུ་འགྱུར་བར་བྱིན་གྱིས་རང་རློབས་ཤིག །བརྒྱུད་གསུམ་རིག་འཛིན་བླ་མ་རིགས་ལྔ་ཡི་བྱིན་རླབས། །ཐེངས་གསུམ་རྟ་སྐད་དབྱངས་སྙན་ཕག་མོ་དང་མཉམ་སྦྱོར། །རིགས་ལྔ་མཁའ་འགྲོར་བཅས་པའི་བདེར་གཤེགས་ཀྱི་རོལ་པས། །འཁོར་འདས་གཉིས་སུ་སྣང་བར་རོ་གཅིག་ཏུ་བཞེས་མཛོད། །རྩ་ཐིག་རླུང་སེམས་དག་པ་སྐུ་གསུམ་གྱི་རྣམ་སྨིན། །སྒྱུ་འཕྲུལ་ཚེ་ལ་དབང་བའི་རྡོ་རྗེའི་སྲོག་ཐོབ་སྟེ། །ཕྱག་རྒྱ་ཆེན་པོའི་རང་ཞལ་སྒྲིབ་མེད་དུ་མཇལ་ནས། །ལྷུན་གྲུབ་རིག་འཛིན་རྟོགས་པ་ཚེ་འདི་ལ་སྩོལ་ཅིག །རྟོགས་པས་བདག་རྒྱུད་གྲོལ་བ་ཀུན་བཟང་གི་ཀློང་ལས། །ཐུགས་རྗེས་གཞན་རྒྱུད་གྲོལ་བ་སྨན་རྒྱལ་དང་དབྱེར་མེད། །མཐའ་ཀླས་འགྲོ་བའི་ནད་སེལ་གཡུ་ཐོག་པའི་འཕྲིན་ལས། །སྲིད་པའི་ཕྱི་མཐའ་རྒྱས་པར་བྱིན་གྱིས་རང་རློབས་ཤིག །ཚུལ་དེས་དུས་མིན་འཆི་བའི་འཇིགས་པ་ཡི་ཡིད་མེད། །ནད་རིགས་བཞི་བརྒྱ་རྩ་བཞི་ཀུན་འཇོམས་ཀྱི་སྨན་མཆོག །རྣམ་པ་རྒྱལ་བ་སྨན་བླའི་ཕྱག་འཚལ་ཉིད་ཇི་བཞིན། །སྨན་གྱི་ནུས་པ་རྡོ་རྗེའི་རང་བཞིན་དུ་མཛོད་ཅིག །རྩ་གསུམ་གཅིག་ཏུ་བསྡུས་པ་བླ་མ་ཡི་བྱིན་རླབས། །བདག་དང་བདག་གིར་བ་ལ་མཐོང་ཐོས་དང་དྲན་རེག །ཀུན་ཀྱང་སྒྲིབ་གཉིས་རིམས་ནད་ཆོས་ཉིད་དུ་དག་ནས། །གཡུ་ཐོག་བླ་མའི་གོ་འཕང་ཚེ་འདི་ལ་ཐོབ་མཛོད། །
ཅེས་གཡུ་ཐོག་རྩ་གསུམ་དང་འབྲེལ་བའི་ཚོགས་གླུ་རྡོ་རྗེའི་ཚིག་གི་རྒྱུད་མངས་ཞེས་བྱ་བ་འདི་ཡང་སྐུ་ངོ་བླ་སྨན་རྩིས་སྤྱི་འདོམས་པྲ་ཛྙཱ་མ་ཎི་མཆོག་གིས་རབ་དཀར་ལྷ་རྫས་དང་། རིན་ཆེན་མང་སྦྱོར་སོགས་ཀྱི་རྟེན་གྱ་ནོམ་པ་བཅས་གསུང་གིས་བསྐུལ་ངོར་སྨན་རྩིས་རིག་གནས་རྣམ་པར་བཀྲ་བའི་ལྡིང་ཁང་དུ་རྗེ་གཡུ་ཐོག་པའི་འདྲ་སྐུ་མཐོང་བ་དོན་ཡོད་ཀྱི་སྤྱན་སྔར་འཇམ་དཔལ་རོལ་པའི་བློ་གྲོས་ཀྱིས་རབ་རྒྱལ་ན་ཚོད་ལྡན་གྱི་ལོར་ས་ཟླའི་དམར་ཕྱོགས་ཚེས་བཅུའི་མཆོད་པ་དང་འབྲེལ་བར་གླུར་བླངས་པའོ། །དེ་ལྟར་མོས་གུས་ཀྱི་གསོལ་འདེབས། རྡོ་རྗེའི་གླུ་གར་སོགས་བྱས་ལ་ཉམས་བསྐྱང་སྟེ་གསང་བ་མཆོག་གི་སྨོན་ལམ་ཡང་གདབ་པོ། །

རྩོམ་སྒྲིག་པ། འོད་གསལ་དབང་མོ།

47.2K