༄༅། །ནགས་ཚལ་གྱི་གཏམ་ཨུ་དུམ་ཝཱ་རའི་ཆུན་པོ་ཞེས་བྱ་བ་བཞུགས་སོ། །

རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར།

༄༅། །རྫོགས་པའི་སངས་རྒྱས་པདྨ་ལས་གྲོལ་ལ་ཕྱག་འཚལ་ལོ། །འདི་ན་ཕྲ་རབ་རྡུལ་གྱི་བ་གམ་ནི། །སྲ་བརྟན་རྡོ་རྗེའི་ཁམས་སུ་གནས་གྱུར་ནས། །སྣ་ཚོགས་ལྗོན་པའི་ཡ་ལད་གཡོ་བ་ཅན། །དེ་ལ་ནགས་ཁྲོད་དབེན་པར་རབ་ཏུ་གྲགས། །སྲིད་དང་ཞི་བ་གཉིས་སུ་རིས་ཆད་པ། །འདི་ནི་སེམས་ཅན་ཀུན་གྱི་ལས་སྣང་སྟེ། །དེ་དེའི་ཆོས་ཉིད་རྣལ་མར་སྦྱོར་འདོད་རྣམས། །ནགས་ཀྱི་གཏམ་མཆོག་འདི་ལ་གུས་པས་ཉོན། །སྣ་ཚོགས་སྡུག་བསྔལ་བསྐྱེད་པའི་གཅོང་རོང་དུ། །ཉོན་མོངས་ལྔ་ཡི་ཆུ་བོའི་རླབས་ཕྲེང་དང་། །འདི་ཙམ་དུས་མེད་འགྲོགས་པའི་རྣམ་རྟོག་འདིའི། །ཉེ་བར་ལེན་པའི་བྱེད་པོ་མ་རིག་ཡིན། །དེ་ལས་སྲིད་པ་ནས་བཟུང་རྒ་ཤིའི་བར། །རྟེན་འབྲེལ་བཅུ་གཉིས་ཟོ་ཆུའི་ཁྱུད་མོ་ལ། །ཡང་ནས་ཡང་འཁོར་ཕ་མཐའ་མི་ཐུག་པ། །འདི་ནི་མ་དག་གཞན་དབང་རྒྱུ་འབྲས་ལགས། །དེ་ན་ཁྱིམ་གྱི་བཙོན་དོང་གཏིང་རིང་པོར། །སྐྱེ་རྒ་ན་འཆིའི་ཞགས་པ་དམ་པོས་བཅིངས། །ལས་དང་སྡུག་བསྔལ་མང་པོས་རབ་གཟིར་བའི། །ཁྲི་མུན་འདི་ལས་མྱུར་དུ་འབྲོས་འཚལ་ལོ། །གང་དུ་ཕྱིན་ན་འབད་པ་དོན་ཡོད་ཅིང་། །ཆོས་ལ་སེམས་པའི་གོམས་པ་བདུན་གྱི་རིན། །གསེར་སྲང་ལྔ་བརྒྱའི་ལྕིད་ཀྱིས་མི་ནོན་པའི། །གཏམ་འདི་འཕགས་པ་རྣམས་ཀྱིས་རབ་ཏུ་བསྔགས། །དེ་ན་ཚོང་དང་སོ་ནམ་ཡོད་མ་ཡིན། །བྱིས་པའི་གྲོགས་དང་འདུ་འཛིའི་རྣམ་གཡེང་བྲལ། །བྱ་དང་རི་དྭགས་མང་པོ་གར་བྱེད་ཅིང་། །བུང་བ་མྱོས་པའི་གླུ་དབྱངས་རྣ་བར་སྙན། །ཕྲ་རབ་རྡུལ་རྣམས་སྲིད་པའི་གར་སྦྱིན་གྱིས། །ཤིན་ཏུ་འཐས་པར་སྦྱར་ལྟའི་བྲག་རིའི་ཚོགས། །རིན་ཆེན་རིན་ཐང་སྤངས་པས་རབ་ཕྱུག་ཀྱང་། །དེ་ལ་ཁེངས་དང་འཇུག་པའི་རྣམ་རྟོག་སྤངས། །སྣ་ཚོགས་ལས་ཀྱི་འདུ་འགོད་བརྒྱ་ཕྲག་གིས། །སྲིད་པར་ཀུན་ཏུ་སྦྱོར་བའི་ཁང་ཁྱིམ་དང་། །དོ་ཟླ་མ་ཡིན་རང་བྱུང་བྲག་གི་སྐྱིབས། །མཐོང་བའི་མོད་ལ་ཚེ་འདིའི་སྣང་བ་འགག །ཕྱོགས་དང་ཕྱོགས་སུ་བལྟར་མི་མངོན་པ་ཡི། །སྒང་དང་གཤོངས་བུའི་བྱེ་བྲག་ཐ་དད་པས། །སྐྱོ་བ་སེང་བའི་གོ་སྐབས་རབ་ཕྱེ་ནས། །ཞི་གནས་ལྷག་མཐོང་འགྲོན་པོར་འབོད་པ་བཞིན། །དེ་ན་སྐྱེ་བོའི་ཅ་ཅོ་ཡོད་མིན་ན། །ཆགས་སྡང་ཚིག་གི་ཚེར་མ་ལྟ་ཅི་སྨོས། །འབབ་ཆུ་དལ་གྱིས་འགྲོ་བའི་ལྷང་ལྷང་སྒྲས། །འཆི་བ་མྱུར་དུ་འོང་ཞེས་བསྐུལ་མའང་བྱེད། །ཀུན་ནས་ཁྲོ་བ་སྤངས་པའི་སྨིན་ལྗོངས་རྣམས། །མྱུ་གུ་སྔོན་པོའི་བཞིན་རས་རབ་མཛེས་པས། །དཀའ་ཐུབ་འདོད་པ་རྣམས་ལ་སླར་བོས་ནས། །མ་རྨོས་ལོ་ཏོག་འབྱུང་ཁུངས་རྟེན་ལ་འབྲེལ། །ཨུཏྤལ་སྔོན་པོའི་འདབ་མ་བརྩེགས་པའི་རྡུལ། །སྣ་ཚོགས་མེ་ཏོག་འབྲས་བུས་དུད་བྱས་པ། །ལྗོན་པ་མཆོག་གི་ཡལ་གའི་བསྟི་སྟང་ནི། །དྲང་སྲོང་རྣམས་ལ་བསིལ་ཡབ་སྒྲེང་བ་བཞིན། །མཉེན་ལྕུག་ལས་ཀྱི་འཁྲི་ཤིང་གཞོན་ནུའི་ཐོད། །བྱི་རུའི་འདྲེན་བྱེད་གསར་པ་འདར་བ་ལྟའི། །འདབ་ཆགས་ཁུ་བྱུག་སྔོན་མོའི་རྒྱང་གླུ་ཡིས། །སྔོན་མེད་སྐྱོ་བ་གསར་པ་རབ་ཏུ་བསྐུལ། །དགའ་མ་ལང་ཚོ་དར་བས་ཁེངས་པས་ཀྱང་། །དེ་ཡི་མཛེས་པ་འཕྲོག་པར་མ་ནུས་ནས། །མཁུར་ཚོས་ལི་ཁྲིའི་ཐིག་ལེ་བསྐུ་བའི་ཟོལ། །དབང་པོའི་བྱ་ཚོགས་འདི་དག་མཐོང་ལས་བྱུང་། །ཆུ་སྐྱེས་གཞོན་ནུའི་གེ་སར་ལ་ཆགས་པའི། །རབ་མྱོས་བུང་བ་འདི་དག་གཅིག་ལ་གཅིག །འཚེ་བ་མ་ཡིན་ཕན་ཚུན་གཉེན་གཤིམ་པས། །བདག་ལའང་བྱང་ཆུབ་སེམས་ཀྱི་ཡོན་ཏན་འགོ། །དེ་ན་བྱིས་པའི་གྲོགས་པོ་ཡོད་མིན་པས། །རང་བཞིན་ངན་པའི་རྣམ་ཐར་མི་རྙེད་དེ། །གཅན་གཟན་རྣམས་ཀྱང་བདག་ལ་རབ་བྱོལ་ནས། །ཁྲོ་བའི་བརྟན་པ་ཉམས་པའི་ཚུལ་གྱིས་འགྲོ། །གཞན་གྱི་མངའ་ཐང་འཕྲི་དང་སྲོག་ལ་གཙེས། །སྣ་ཚོགས་གཡོ་སྒྱུས་གཡོས་སུ་སྦྱར་བ་ཡི། །ཟས་དང་སྐོམ་ལ་མི་བརྟེན་རི་དྭགས་ཁྱུ། །བག་ཕེབས་དུལ་བའི་ངང་ཚུལ་ལྷུར་བྱེད་པས། །བདག་གི་སེམས་ཀྱང་འཇམ་ཞིང་ངེས་པར་དུལ། །དབང་པོའི་དཔུང་གིས་བརྫི་བར་མི་ནུས་པའི། །འཆི་བདག་རྣམས་ཀྱང་ནགས་ན་གནས་པ་ཡི། །དྲང་སྲོང་དེ་ལ་ཐལ་མོ་སྦྱོར་བྱེད་ན། །སུ་ཞིག་དབེན་པའི་ནགས་ལ་སྤྲོ་མི་བྱེད། །དེ་ལྟར་དབེན་པར་སོང་བའི་དགོས་པ་ཡང་། །ཡུལ་གྱི་སྣང་བས་བསླུ་བར་མི་ཚུགས་སླད། །ཡིན་གྱིས་ཡུལ་དང་འཛིན་པའི་སེམས་དང་ནི། །ཕན་ཚུན་རྟེན་དང་བརྟེན་པའི་རང་བཞིན་ཕྱིར། །སྙིང་སྟོབས་གོ་བགོ་བཟོད་པའི་དམ་བཅའ་བརྟན། །བག་ཡོད་ལ་བརྟེན་བརྩོན་འགྲུས་བསྟར་ལ་རྒྱུས། །འདོད་དང་ཁྲོ་ཆགས་འཇུངས་པའི་རྣམ་རྟོག་ལ། །གློ་བུར་ཐོག་བརྫིས་ཡུལ་མེད་རྩ་བྲལ་གཅེས། །དེ་ལ་སྙིང་སྟོབས་གོ་ཆ་མ་བགོས་ན། །སྣང་བ་སྣ་ཚོགས་རྐྱེན་གྱིས་བསླུར་བྲིད་ནི། །སྤྲེའུ་ཟློས་གར་བསྒྱུར་བའི་བདེ་བླག་ལས། །ཆོ་འཕྲུལ་ལྷག་པར་མྱུར་བས་བསླུ་བ་ཡིན། །གཞན་གྱི་ལོག་སྒྲུབ་བཟོད་པའི་སྙིང་སྟོབས་དང་། །ཆོས་ཕྱིར་དཀའ་སྤྱད་བཟོད་པའི་དམ་བཅའ་ལ། །དང་པོའི་ལས་ཅན་བརྟུན་པ་མ་བསྐྱེད་ན། །ཟབ་མོའི་དོན་ལ་མི་མཇེད་ཇི་ལྟར་སྐྱེ། །དེ་ཕྱིར་གནོད་པ་ཇི་ཙམ་འཕེལ་དེ་སྲིད། །གནོད་བྱའི་རྒྱུ་འབྲས་རང་ལས་བྱུང་བའི་མཚང་། །ལེགས་པར་བརྟགས་ཤིང་དཔྱད་ནས་བཟོད་པའི་ཁེ། །ཇི་ཙམ་ཐོབ་པ་དེ་ལ་དགའ་བ་བསྒོམ། །འདུ་འཛིའི་གདོན་དང་སྡིག་པའི་བཤེས་གཉེན་དང་། །བྱིས་པའི་གྲོགས་དང་འགྲོག་པའི་ཉེས་སྤྱོད་འདིས། །ཚུལ་ཁྲིམས་འཆལ་ཞིང་དམ་བཅའ་མང་པོ་འཇིག །ཆོས་ཚུལ་རབ་ཉམས་སྐྱེ་བོས་སྨད་པའི་ཕྱིར། །བསྒྲིམས་ཏེ་རྨ་ཡི་བག་ཟོན་བྱེད་པ་ལྟར། །རང་གིས་རང་ལ་ངོ་ཚའི་ཁུར་བཀལ་ཞིང་། །བཀྱལ་དང་འཕྱར་ཀའི་ཚིག་ལའང་འཇིགས་བཞིན་པས། །བག་ཡོད་བསྲུང་བ་འདི་ལ་གོམས་པར་མཛོད། །དབེན་པར་གནས་ཀྱང་གཉིད་དང་སྙོམ་ལས་ཀྱིས། །དམ་བཅའ་ཁྲལ་འཇལ་ལ་ཁའི་ཐོ་ཡོར་བཞིན། །རང་རྫུན་རང་ལ་གཏོང་བའི་ལེ་ལོའི་གདོན། །ཡུད་ཙམ་ཉིད་ལ་བརྩོན་འགྲུས་མཐུ་ཡིས་བསྲུང་། །འདོད་པ་རྣམས་ནི་ཕུང་ཀྲོལ་ཆེན་པོ་སྟེ། །བུང་བ་ལྟ་བུར་བསགས་པས་རང་ཉིད་དབུལ། །ཡི་དྭགས་གཏེར་མཛོད་བཞིན་དུ་བསྲུངས་པས་ངལ། །གཡོ་སྒྱུས་རབ་ཏུ་སྤེལ་བས་རྐུན་པོར་འགྱུར། །མཛའ་དང་འཁོན་ཞིང་ཆེན་པོའི་དཔལ་ལས་ཉམས། །ངོ་ཚའི་གདོང་པ་ཡུད་ལ་ཉམ་ཉེས་པས། །གྲགས་པ་ངན་པའི་གཡང་སར་འཁྱམས་གྱུར་དེའི། །རང་བཞིན་ལེགས་པར་བརྟགས་ནས་ཆོག་ཤེས་འཚོལ། །དེ་བཞིན་ཁྲོ་བའི་ཉེས་དམིགས་ཚད་མེད་དེ། །བཞིན་རས་མཛེས་པའི་མདངས་ཀྱང་ཉམས་འགྱུར་ལ། །སྙིང་ནས་བརྩེ་བ་དག་ཀྱང་ཕྱི་ཕྱིར་འབྲོས། །ཚིག་རྩུབ་ཚེར་མ་རྣོན་པོས་དགྲ་བོ་འགུགས། །ཕན་ཚུན་འཆིང་ཞིང་བརྡེག་པའི་སྒྱུ་ཐབས་འདིས། །རྒྱལ་པོའི་སྲེད་ཀྱང་མོད་ལ་བརླག་ནུས་ན། །བལྟར་མི་མངོན་པ་དགེ་བའི་ལྗོན་ཤིང་ནི། །ཡུད་ལ་བསྲེག་འགྱུར་མེ་ཚོགས་དེ་ལས་བྱོལ། །གང་ལ་ཆགས་པ་ཙམ་གྱིས་ཐར་པའི་སྲོག །རབ་ཏུ་འཕྲོག་པར་བྱེད་པའི་ཁྱིམ་ཐབ་དང་། །ཆགས་སྡང་འཕེལ་བའི་སྡེ་དགོན་ཡུལ་གཞིས་ནོར། །ཕ་མ་ཉེ་འབྲེལ་ལ་ཡང་ཆེས་གདུང་ན། །གང་དང་འགྲོགས་པས་དགེ་བའི་ཚོགས་འགྲིབ་ཅིང་། །ངན་འགྲོའི་ས་བོན་མངོན་དུ་འདུ་བྱེད་པས། །དེ་ལས་དགྲར་གྱུར་གཞན་དུ་ཅི་ཞིག་ཡོད། །གསེར་དང་ཐག་སྒྲོག་འཆིང་བར་མཚུངས་ལ་ལྟོས། །རྟག་ཏུ་སེར་སྣ་འཕེལ་ཞིང་རྩོད་པ་ཅན། །རྐུན་པོ་ལ་སོགས་གཞན་དང་ཐུན་མོང་བའི། །ནོར་ལ་སྙིང་པོ་མེད་པ་མངོན་སུམ་སྟེ། །རང་གིས་བསགས་པ་གཞན་གྱིས་སྤྱོད་མཐོང་ངམ། །འདི་ན་གཏོང་ལ་གོམས་པའི་ཡོན་ཏན་ནི། །ཇི་ཙམ་བཏང་བ་དེ་སྲིད་རང་ཉིད་ཀྱི། །ཕྱི་བཞིན་འབྲང་བས་ནམ་ཡང་ཆུད་མི་ཟ། །ཇི་ཙམ་འཇུངས་པ་དེ་སྲིད་བསོད་ནམས་མིན། །དེ་ཕྱིར་འཁོར་བར་འཆིང་ཞིང་གྲོལ་བའི་རྒྱུའི། །བྱེད་པོ་གཞན་ན་ཡོད་པ་མ་ལགས་པས། །སྡིག་པའི་གྲོགས་དང་འདུ་འཛིའི་ཉེས་དམིགས་ལ། །རབ་ཏུ་འཇིགས་པས་དབེན་པའི་གནས་སུ་སོང་། །ནགས་ན་གནས་པའི་གཅན་གཟན་ཁྲོ་བོ་ཡང་། །གང་ཞིག་བྱང་ཆུབ་སེམས་ཀྱི་མཐུ་མཐོང་ནས། །འཇམ་ཞིང་དུལ་བའི་ངང་ཚུལ་ལྷུར་ལེན་ན། །འགྲོ་བ་གཞན་དག་དབུགས་འབྱིན་སྨོས་ཅི་དགོས། །གང་ཕྱིར་བྱང་ཆུབ་སེམས་དཔའི་སྙིང་སྟོབས་དང་། །ཡོན་ཏན་ཕལ་ཡང་ནགས་ཁྲོད་དམ་པར་བརྙེས། །རྟག་ཏུ་ངུ་དང་ནོར་བཟང་སྤྱོད་པ་ལ། །འཇུག་པའི་སྨོན་ལམ་བཟང་པོའི་ས་བོན་བསྐྲུན། །ཡང་ཡང་རྙེད་དཀའི་དལ་འབྱོར་རིན་ཆེན་ནི། །ནགས་ཀྱི་གཏམ་འདི་མཐོང་བས་དོན་ཡོད་ཅིང་། །སྲོག་དང་བཅས་པའི་ལུས་འདི་གཡོ་བཞིན་དུ། །ཞི་བའི་གྲོང་ཁྱེར་མཆོག་ལ་གནས་པར་ཤོག །ནགས་ཚལ་གྱི་གཏམ་ཨུ་དུམ་ཝཱ་རའི་ཆུན་པོ་ཞེས་བྱ་བ། མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དཔལ་རྒྱལ་བའི་དབང་པོ་དྲི་མེད་འོད་ཟེར་གྱིས་དངོས་གྲུབ་བརྙེས་པའི་ས། མཁའ་འགྲོ་རང་བཞིན་གྱིས་འདུ་བའི་བྲག་རིའི་བ་གམ་ཆེན་པོ་རིང་མོ་ཅན་ཞེས་བྱ་བའི་གནས་སུ། རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱིས། ནགས་ཚལ་དང་ཁ་བའི་རྡུལ་རོ་གཅིག་ཏུ་འདྲེས་པའི་ཁྲོད་དུ་ལེགས་པར་སྦྱར་བ་རྫོགས་སོ། །

རྩོམ་སྒྲིག་པ། དྲི་མེད་དབང་མོ།

47.2K