༧འགྲོ་མགོན་ཞབས་དཀར་ཚོགས་དྲུག་རང་གྲོལ་ལ་མག་གསར་ཀུན་བཟང་སྟོབས་ལྡན་དབང་པོས་ཕུལ་བའི་ཕྱག་འཕྲིན་ཞིག

ཀུན་འབྱུང་ཚོགས་དྲུག་དབང་ཤེས་ལྕགས་ཀྱི་ཁམས།  །ངེས་དོན་ཨ་ཏི་ཡོ་གའི་གསེར་འགྱུར་རྩིས། །རང་གྲོལ་ས་ལེ་སྦྲམ་གྱི་ཕོ་བྲང་དུ། །མངོན་པར་བྱང་ཆུབ་མཆོག་གི་ཞབས་དྲུང་དུ། །ཆོས་དང་སྲིད་ཀྱི་འབྱོར་བས་རབ་བཀྲེན་པས། །འདི་ཕྱིའི་དོན་བཤོལ་ཉོན་མོངས་དུག་ལྔའི་ཁོལ། །ཀུན་རྨོངས་ཀུན་བཟང་མིང་ཅན་སྔགས་གཟུགས་པས། །དད་པའི་མཚན་ཉིད་ཤེས་མིན་མོས་བློའི་མཆིད། །ཀྱེ་མ་དུས་གསུམ་རྒྱལ་བ་རབ་འབྱམས་ཀྱི། །ཐུགས་རྗེའི་རང་གཟུགས་མཚན་དཔེའི་རྒྱན་དོར་ནས། །གསུམ་ལྡན་རྡོ་རྗེ་འཛིན་པའི་བརྟུལ་ཞུགས་ཀྱིས། །ཞིང་འདིར་གདུལ་བྱའི་ཁམས་དབང་བསམ་པ་དང་། །འཚམས་པར་ཐེག་དགུའི་ཆོས་ཀྱི་འཁོར་ལོ་ཆེ། །སྐོར་བཞིན་གཞེས་པའི་གཏམ་སྙན་རྒྱུད་མངས་སྒྲས། །ཕྱོགས་ཀྱི་འཁོར་ལོ་ཁྱབ་ཚེ་ཁོ་བོས་ཀྱང་། །སྒྲ་འཛིན་བུ་གར་ཅུང་ཟད་ཙམ་སོན་པས། །ཡིད་དབང་བྱེའུ་ཆུང་དགའ་སྤྲོའི་ཟློས་གར་བསྒྱུར། །འདི་ན་ཉམ་ཆུང་སྔགས་ཕྲུག་པ། །ལྟ་བ་འདོད་བདེ་གཙང་བདག་ལྟ། །སྒོམ་པ་བྱིང་རྒོད་རྟོག་ཚོགས་གོམས། །སྤྱོད་པ་ཁྱི་ཕག་ལས་ལོད་བཞིན། །དམ་པའི་ཐུགས་རྗེའི་ཡུལ་དུ་མཆིས། ། འཚམས་ཞུ། སླད་མར་ཆེད་གསོལ་དོན་གྱི་སྙིང་། །མགོན་ཁྱོད་སྤངས་རྟོགས་མཐར་ཕྱིན་ཅིང་། །རླབས་ཆེན་བརྩོན་པའི་གོ་བགོས་ནས། །རིས་མེད་བསྟན་འགྲོའི་དོན་ལས་གཞན། །ཐུགས་དམ་གཡེལ་བའི་སྐབས་ཕྲ་ན། །ཕྱོགས་འདིའི་འགྲོ་དོན་ཅི་སྟེ་བཤོལ། །འདི་ན་བསྟན་འགྲོའི་མཛེས་རྒྱན་དུ། །རློམ་པའི་དྲེགས་ལྡན་ཆེས་མང་ཡང་། །ཕྱོགས་རིས་འདོད་ལྷས་ཐུགས་བརླམས་ཤིང་། །ལྟར་སྣང་གཞན་དོན་ལ་བསྙད་ནས། །རང་འདོད་ཐུགས་དམ་བརྟན་པ་ལས། །ངེས་པར་སྨན་པ་འགའ་འགའ་ཙམ། །མགོན་ཁྱོད་མཚན་ཙམ་ཐོས་པས་ཀྱང་། །ཕྱོགས་འདིར་སྨན་པ་ཆེར་འབྱུང་ན། །སྐུ་དངོས་ཉེར་བྱོན་གསང་གསུམ་གྱི། །རྣམ་པར་ཐར་བས་བསྟན་འགྲོའི་དོན། །མཛད་པར་གསོལ་བ་སྙིང་ནས་འདེབས། །སྐྱབས་རྗེ་པདྨའི་མཚན་ཅན་ཡང་།  །སྐུ་ལུས་བསྙུང་ཚབས་ཆེས་སྐྱེན་ཅིང་།  །ས་ཆུའི་ཁམས་སང་མི་འཕྲོད་པས། །ཕྱོགས་དེར་རིང་དུ་གཞེས་མི་འགབ། །མྱུར་བར་ཡབ་སྲས་ལྷན་རྒྱས་ནས། །ཕྱོགས་འདིར་ཞབས་སྐྱེས་གེ་ས་ར།  །འགོད་པའི་ཐུགས་བརྩོན་ལྷོད་མེད་འཚལ།  །དེ་བར་ཁོ་བོའི་སྒྱུ་ལུས་ཀྱི།  །ཟོ་མ་ཐུབ་པ་སྲིད་བྱུང་ན། །དུག་གསུམ་རྒྱུ་འབྲས་ཀུན་དག་ནས། །རིགས་བདག་འོད་མི་འགྱུར་བ་ཡི། །རང་ཞལ་མཇལ་བའི་བསྐལ་བཟང་ལ། །སྦྱོར་བའི་སྐྱབས་འཇུག་འདོར་མེད་མཁྱེན། །དེ་ལྟའི་ཞུ་མཆེད་ལྷའི་བུ་མོ། །ནམ་མཁའི་མདངས་འཛིན་ལྷ་རེག་གྱོན། །མཁས་གྲུབ་ལྷ་ཡི་དབང་པོ་ཡི། །གམ་དུ་ཟླ་ཚེས་དགེ་བར་བཞུད། །

        ཅེས་པ་འདི་ཡང་སློབ་བུ་མག་གསར་ཀུན་བཟང་སྟོབས་ལྡན་དབང་པོས་ཕུལ་བའོ། །

47.2K