༄༅། །སེམས་དཔའ་ཆེན་པོ་ཞབས་དཀར་པ་ལ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་སྒོ་ནས་ཅུང་ཟད་བསྟོད་པ་ཨུཏྤལ་གཞོན་ནུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།

ན་མོ་གུ་རུ་བྷྱཿ བསླབ་གསུམ་རི་དབང་སྤོ་ལ་རྟག་བརྟན་ཅིང་། །རྫོགས་པའི་བྱང་ཆུབ་སེམས་ཀྱི་ཡལ་འདབ་རྒྱས། །ཕན་བདེའི་མཛད་པ་བཟང་པོའི་འབྲས་སྨིན་པ། །རྒྱལ་སྲས་ལྷ་ཡི་ལྗོན་པ་ཆེ་ལ་འདུད། །བྱམས་བརྩེའི་བཅུ་དྲུག་ཆ་ལྡན་པ། །དམ་ཆོས་འོད་དཀར་སྤྲོ་བ་དེས། །རྒྱལ་བསྟན་ཀུ་མུད་དར་བའི་དཔྱིད། །རྣམ་འདྲེན་ཟླ་བ་དེ་ལ་འདུད། །ཀུན་ཏུ་འབྱུང་བའི་འཁོར་བར་འདུ་བྱེད་མུན་ཁྲོད་སྟུག་པོར་སྣ་ཚོགས་ལས་ཀྱི་འབྲས། །རྣམ་ཤེས་དྲུག་གི་ཡུལ་ལ་རབ་ཏུ་རྨོངས་པ་མཐའ་བྲལ་ལྟ་བའི་འོད་སྟོང་གིས། །ལྷག་མ་མེད་པར་རང་སར་སྦྱངས་ནས་རྟག་ཆད་ལས་གྲོལ་ལམ་བཟང་འགྲོ་ལ་སྟོན། །རྒྱལ་བའི་མྱུ་གུ་བླ་མ་ཉིན་བྱེད་དབང་པོར་ཅུང་ཟད་བསྟོད་ལ་བདག་ཡིད་སྤྲོ། །རིང་ནས་གོམས་པའི་བྱང་ཆུབ་ཐུགས་མཆོག་གིས། །ཤུགས་དྲག་བརྩེ་བའི་སྲད་བུས་དཔག་མེད་འགྲོ། །བདག་གིར་བཟུང་ནས་དམ་དུ་བཅིངས་གྱུར་ཏེ། །ལྡོག་མེད་བཟོད་པའི་གོ་ཆ་ཡོངས་སུ་བགོས། །བྱས་ལ་དྲིན་གཟོ་ལྟ་ཞོག་གནོད་བྱེད་ཀྱི། །དགྲ་ལའང་ལྷག་པར་བརྩེ་བའི་ངང་ཚུལ་དེ། །རྒྱལ་སྲས་དཔའ་བོའི་སྤྱོད་པ་ལས་གཞན་པར། །དེ་འདྲའི་ཚུལ་དེས་ཡོངས་སུ་དབེན་ནོ་སྙམ། །འགྲོ་རྒྱུད་ཉོན་མོངས་བཅིངས་པས་ལྷོད་མིན་པར། །ཤིན་ཏུ་བསྡམས་པ་ཐབས་ཤེས་རལ་གྲི་ཡིས། ། བཅད་ནས་ཐར་བའི་གནས་སུ་བག་ཡངས་པར། །ནམ་ཞིག་རྒྱུའོ་སེམས་པའི་ཐུགས་སྟོབས་ཀྱིས། །སྦྱིན་སོགས་ཕ་རོལ་ཕྱིན་དྲུག་བསྡུ་བཞི་ཡི། །བདུད་རྩིའི་བུམ་པ་ལག་ཏུ་ཐོགས་ནས་ནི། །མ་ལུས་འགྲོ་ལ་བགོ་བཤའ་བྱེད་པའི་ཚུལ། །བུ་རམ་ཤིང་པའི་སྙིང་སྟོབས་མཆོག་ལ་འགྲན། །བརྐམ་ཆགས་འཇུངས་པའི་སེར་སྣའི་དཔུང་ཚོགས་དེ་ནི་དེང་སང་ཤིན་ཏུ་དཔའ་ན་ཡང་། །ཁྱོད་ཀྱི་གཏན་པ་མེད་པའི་མཆོད་སྦྱིན་དག་གིས་མཐའ་མར་བྱས་པའི་རྗེས་སུ་ནི། །རྒྱལ་སྲས་དཔའ་བོ་དེ་འདྲ་སྲིད་ན་ཟླ་མ་མཆིས་ཞེས་གངས་རིས་བསྐོར་བའི་ལྗོངས་འདི་རུ། །སྙན་པའི་བ་དན་དཀར་པོ་ལྷ་མི་ཡོངས་ཀྱིས་ལན་བརྒྱར་བསླངས་པར་བྱས་པའི་ཚུལ་དེ་རྨད། །བསགས་པའི་མཐའ་མར་འཛད་པའི་རྒྱུར་མཐོང་ནས། །ཐ་མལ་ཟང་ཟིང་དངོས་པོ་ལྕགས་ཀྱི་ཁམས། །ཆེ་ཕྲ་ཇི་ལྟར་འབྱོར་བར་གྱུར་ན་ཡང་། །ཆགས་མེད་གཏོང་བའི་སྒྱུ་ཐབས་གསེར་འགྱུར་རྩིས། །སྲིད་ན་རྙེད་པར་དཀའ་བའི་བསོད་ནམས་ཀྱི། །རིན་ཆེན་དང་པོར་བསྒྱུར་བའི་དཔལ་བསྐྲུན་པའི། །ངོ་མཚར་འཕྲུལ་འདེགས་དེ་འདྲ་མགོན་ཁྱོད་ཀྱིས། །ནོར་གྱི་མཆོག་ཏུ་བཟུང་བར་གོར་མ་ཆག །ལྔ་བའི་ལམ་གྱི་གཡང་ས་ཆེན་པོར་ལྟུང་ལ་ཉེ་བ་ཡི། །འགྲོ་བ་མང་པོ་བརྩེ་ཞིང་བརྩོན་པའི་ཕྱག་གིས་དྲངས་ནས་སླར། །བདེ་བར་སྲོག་འཚོའི་གནས་བཟང་ཉམས་དགར་ངལ་གསོ་ཐོབ་པ་ཡི། །མཆོག་སྦྱིན་དེ་འདྲ་རྒྱལ་སྲས་ཆུ་འབེབས་རྗེས་སུ་ཉེ་བར་འགྲོ། །དམ་ཆོས་སྒྲུབ་པའི་ལུས་སྲོག་འཚོ་བའི་ཐབས། །ལྟོ་དང་གོས་ལ་བརྟེན་ནས་གསོ་དགོས་པས། །ཁྱོད་ཀྱིས་དང་པོར་སྦྱིན་པའི་གཡབ་མོ་ཡིས། །ལེགས་པར་བོས་ནས་འཁོར་དུ་བསྡུས་པའི་རྗེས། །མཆོག་དམན་བར་མའི་བློ་ཡི་ཞིང་ས་ལ། །བྱམས་བརྩེའི་ཆུ་འཛིན་ལས་བྱུང་དམ་ཆོས་ཀྱི། །གྲུ་ཆར་བབས་པའི་རིགས་གསུམ་སོ་སོའི་འབྲས། །མངོན་མཐོ་ངེས་ལེགས་སྙེ་མ་གཡུར་དུ་ཟ། །ཉེས་པར་སྤྱོད་པ་རབ་ཏུ་སྡོམ་པའི་ཆུ་གཏེར་ཆེན་པོའི་དབུས་གནས་ཤིང་། །དགེ་བའི་ཆོས་ཀུན་མ་བསྡུས་པར་ཡང་ངང་གིས་སྡུད་པའི་ཐབས་མཁས་ཀྱི། །གདེངས་ཀ་མཐོན་པོ་རབ་ཏུ་བརྗིད་ཅིང་མ་ལུས་འགྲོ་བའི་དོན་ལ་ནི། །གཅིག་ཏུ་གཞོལ་བའི་ནོར་བུ་གཙུག་འཆང་སྐྱེས་མཆོག་ཀླུ་ཡི་དབང་པོར་དད། །ཤིན་ཏུ་མི་བཟོད་ཡན་ལག་བཞི་བ་འདིས། །འཁོར་བའི་གནས་འདི་ཡན་པར་མ་བཏང་མོད། །ཁྱོད་ཀྱིས་བཟོད་པའི་འཇིགས་རུང་དམག་དཔུང་གིས། །ངན་འགྲོའི་གཡུལ་རྒྱལ་དཔའ་བའི་རུ་དར་བསྒྲེངས། །ལུས་སྲོག་མཐར་བྱེད་སྡུག་བསྔལ་གྱིས། །ཅི་ཙམ་གཙེས་པར་གྱུར་ན་ཡང་། །རྒྱལ་སྲས་རྣམས་ཀྱི་བརྟུལ་ཞུགས་ནི། །ཕྱི་ཕྱིར་གོང་འཕེལ་སོང་བ་བཞིན། །དམན་པའི་བློ་ཡི་ཡུལ་དུ་མི་རུང་བའི། །ཤིན་ཏུ་ཟབ་ཅིང་རྒྱ་ཆེའི་སྐབས་གསུམ་ལམ། །གཏིང་དཔག་དཀའ་བའི་ཐུགས་ཀྱིས་ལེགས་བཟོད་པ། །རྒྱལ་བའི་ལུང་བསྟན་ནཱ་ག་ཛུ་ན་བཞིན། །གྲངས་མེད་འགྲོ་ལ་རབ་ཏུ་ཆགས་པའི་བློས། །མཐའ་དག་སྒྲོལ་བའི་དམ་བཅའ་གྲུ་རྫིང་ཆེ། །སྡུག་བསྔལ་རྒྱ་མཚོ་ཇི་ལྟར་སྒྲོལ་དགོས་ཀྱང་། །བརྩོན་པའི་སྙིང་སྟོབས་ཆེས་ཆེར་འབར་བ་བཞིན། །གང་ཚེ་རྒྱལ་སྲས་མཆོག་གིས་སྙིམ་པའི་ཆུས། །རྒྱ་མཚོ་འཛད་པའི་སྙིང་སྟོབས་བསྐྱེད་པ་ལྟར། །འཁོར་བ་སྲིད་དུ་ཇི་ལྟར་གནས་དགོས་ཀྱང་། །འདམ་སྐྱེས་བཞིན་དུ་བརྩོན་པ་ལྷོད་མི་སྲིད། །ཕྱི་རོལ་ཡུལ་ལ་རབ་ཏུ་འཕྲོ་བའི་རྣམ་ཤེས་གཉིས་འཐུང་ཅན། །དྲན་དང་ཤེས་བཞིན་མཆིལ་པ་སྣོན་པོས་བཀུག་པར་བྱས་ནས་སླར། །ནང་དུ་ཞི་བར་འཇོག་པའི་ཏིང་ངེ་འཛིན་གྱིས་རབ་བཏུལ་བས། །དགེ་བའི་ལམ་དུ་བདེ་བླག་བཀྲི་ཞིང་ཤིན་སྦྱངས་རྒྱན་གྱིས་མཛེས། །ཀུན་རྟོག་དྲི་ཡི་བཞོན་པས་མ་བསྐྱོད་པས། །བསམ་གཏན་ལས་སྐྱེས་བདེ་བའི་རྫིང་བུ་ལ། །འཇིག་རྟེན་འཇིག་རྟེན་ལས་འདས་དགེ་ལེགས་ཀྱི། །གཟུགས་བརྙན་མ་བཀོད་པར་ཡང་རང་བཞིན་གསལ། །ཡང་དག་ལྟ་བའི་བཞིན་རས་བལྟ་འདོད་ཀྱང་། །ལྟ་བ་ངན་པའི་དྲི་མས་བསྒྲིབས་རྣམས་ལ། ། རྟེན་འབྲེལ་སྟོང་བའི་ཆོས་མཆོག་ཨ་དར་ཤ། །སྣང་སྟོང་གཟུགས་བརྙན་གསལ་བ་ཁྱོད་ཀྱིས་སྟོན། །རྒྱལ་བའི་ཆོས་ཚུལ་ངེས་དོན་སྙིང་པོ་མེ་ཏོག་རྒྱས་པའི་ཚལ། །བཅུད་དུ་དྲིལ་བ་སྦྲང་རྩི་ལྟ་བུ་ཁྱད་འཕགས་དབུ་མའི་གཞུང་། །ཀླུ་དབང་ཞབས་ཀྱིས་བསྟན་བཞིན་ཁྱོད་ཀྱི་ཁོང་དུ་རབ་ཆུད་པས། །འཇིགས་མེད་རྩལ་རྒྱས་ལུང་རིགས་སྒྲ་སྒྲོག་སྐྱེས་མཆོག་གདོང་ལྔ་བ། །འཁྲུལ་སྣང་མཁྲིས་པའི་ནད་ཀྱིས་རྟག་མནར་བའི། །རབ་དཀར་ཆོས་ཀྱི་དུང་ཡང་ལོག་པ་རུ། །མཐོང་ཞིང་ཐར་བའི་ལུས་སྟོབས་རབ་ཉམས་རྣམས། །ཐབས་མཁས་གདམས་ངག་སྨན་མཆོག་རབ་སྟེར་བའི། །སྤྱོད་པ་མཆོག་དེ་གཞོན་ནུས་གསོས་བཞིན་དུ། །མཐོང་ཞིང་སླར་ཡང་བསྟོད་ཚིག་མེ་ཏོག་འཐོར། །དེས་ཀྱང་ཁྱོད་ཀྱིས་མྱུར་དུ་རྗེས་བཟུང་ནས། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་འཇུག་གྱུར་ཅིག །དྲི་ལྡན་མེ་ཏོག་རྒྱས་པའི་དགའ་ཚལ་དུ། །རྐང་དྲུག་མ་བསྡུས་པར་ཡང་འདུ་བ་ལྟར། །བདག་པོའི་དངོས་པོ་གཏོང་པའི་སྦྱིན་པ་ཡིས། །མཆོག་དམན་བར་མའི་གདུལ་བྱ་ངང་གིས་སྡུད། །ཐར་བའི་གོ་འཕང་རིན་ཆེན་གསེར་གླིང་གི། །ངོ་མཚར་གཏམ་གྱི་རབ་སྙན་ཏམྦུ་ར། །མགུར་དབྱངས་རྟ་ལ་སྦྱར་ནས་སེམས་ཀྱི་གཟིངས། །དགེ་བའི་ཕྱོགས་ལ་རབ་སྤྲོའི་དབུགས་འབྱིན་སྦྱིན། །འཇུག་ལྡོག་ཕྲ་མོའི་གནས་ཀྱང་བླང་དོར་གྱིས། །ཇི་བཞིན་འབྱེད་པའི་ནོར་བུའི་རྒྱན་བཟང་གིས། །རྟག་ཏུ་སྤྲས་པ་དམ་པའི་སྤྱོད་པ་མཆོག །རི་དབང་བཞིན་དུ་ཁྱོད་ནི་མངོན་པར་མཐོ། །གཞན་དག་ཀྱང་ནི་དོན་དེ་ལ་སྤྱོད་ཕྱིར། །ཐེག་གསུམ་ཆོས་ཀྱི་གཏན་མེད་མཆོད་སྦྱིན་གྱིས། །ཡང་ཡང་བསྡུས་ནས་བདེ་དགེའི་ལམ་བཟང་པོར། །འཛུད་པའི་སྐལ་བཟང་སྐྱེ་བོ་མང་ལ་བྱས། །ཇི་ལྟར་ཕ་མས་བུ་ལ་རབ་བྱམས་ཀྱང་། །བུ་ཚས་ཕ་མར་དེ་ལྟར་མིན་གསུངས་ལྟར། །ཁྱོད་བརྟེན་ན་ཡང་ལམ་མིན་ཞུགས་པ་རྣམས། །རང་སྐལ་ངན་པ་ཁོ་ནའི་སྐྱོན་དུ་གོ། །དམིགས་པ་མེད་པའི་བརྩེ་ཆེན་ཆུ་ཁུར་ཅན་གྱི་བླ་བྲེ་ལས། །ལེགས་པར་བཤད་པའི་དབྱར་གྱི་རྔ་ཆེན་སྟོང་ཕྲག་རབ་ལྡིར་ཞིང་། །བླང་དོར་གནས་རྣམས་ཅིག་ཆར་རབ་སྟོན་གློག་ཕྲེང་འོད་རབ་གསལ། །ཕན་བདེའི་དཔལ་སྦྱིན་སྤྲིན་གྱི་མེ་ཏོག་སྙོམས་པོར་བབས་པ་ཡིས། །སྐལ་བ་དང་ལྡན་ནོར་འཛིན་ལུས་ཕྲའི་བཞིན་རས་ལ། །ཡོན་ཏན་ཚོགས་ཀྱི་ཡལ་འདབ་མེ་ཏོག་འབྲས་སྨིན་པའི། །བྱང་ཆུབ་སེམས་གཉིས་སྐྱེད་མོས་ཚལ་གྱི་དགའ་མའི་དཔལ། །རྒྱལ་སྲས་མ་དྲོས་བདག་པོ་ཁྱོད་ཀྱིས་རབ་ཏུ་བསྐྲུན། །མདོར་ན་མང་པོའི་གཏམ་གྱིས་ཅི་ཞིག་བྱ། །ཐོས་སྒྲོག་རང་རྒྱལ་ཐུབ་དབང་ལས་སྐྱེས་ཤིང་། །དེ་ཡང་རྒྱལ་སྲས་དག་ལས་འཁྲུངས་གསུངས་པ། །དེ་ནི་ཁྱོད་ཀྱིས་ཚད་མ་མཆོག་ཏུ་རྟོགས། །འགྲོ་ལ་དམིགས་པའི་སྙིང་རྗེ་གཅིག་པུ་ཡི། །གམ་ན་སངས་རྒྱས་ཆོས་ཀུན་མ་ལུས་པ། །འདུག་ཅེས་དྲང་སྲོང་མཆོག་དེས་གསུངས་པ་གང་། །གཞན་ལས་ཁྱད་འཕགས་ཁྱོད་ཀྱི་ཐུགས་དམ་མཐིལ། །དེ་ལྟར་རྒྱལ་སྲས་སྤྱོད་པ་རྒྱ་མཚོ་ལ། །འཇུག་པའི་སྒོ་ནས་ཅུང་ཟད་བསྟོད་པའི་ཚིག །ཨུཏྤལ་གཞོན་ནུའི་ཕྲེང་བ་རབ་མཛེས་འདི། །རབ་ཏུ་དྭངས་པའི་ཡིད་ཀྱིས་ཁྱོད་ལ་འབུལ། །དེ་ལས་བྱུང་བའི་དགེ་བ་དྲི་མེད་པས། །དུག་གསུམ་མེ་ཏོག་མདའ་ཅན་ལས་རྒྱལ་ཏེ། །རྒྱལ་སྲས་བཟང་པོའི་རྣམ་ཐར་རབ་འཛིན་པས། །ཁྱོད་ཀྱི་རྗེས་སུ་མྱུར་དུ་འགྲོ་བར་ཤོག །ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི། །གདམས་པ་སྐྱོན་མེད་བདུད་རྩིའི་བཅུད་དམ་པ། །བདག་རྒྱུད་བུམ་པ་གང་བར་སྩོལ་བ་དང་། །སྙིང་གི་བུ་མཆོག་ཉིད་དུ་དགོངས་པར་ཤོག །ནམ་ཡང་འདོར་མིན་བརྩེ་བའི་ཉི་འོད་ཀྱིས། །བདག་བློའི་ཆུ་སྐྱེས་ཡུན་རིང་སྐྱོངས་པ་དང་། །ཐོས་བསམ་སྒོམ་པའི་སྦྲང་རྩིའི་བཅུད་དམ་པས། །སྐལ་བཟང་བྷྲ་མ་ར་རྣམས་དགའ་སྐྱེད་ཤོག །སྐྱོན་ལ་ཡོན་ཏན་སྒྲོ་འདོགས་མ་ཡིན་པར། །ཡོན་ཏན་ཡོན་ཏན་ཉིད་དུ་ཤེས་པའི་གཏམ། །རང་གི་མཐོང་ཐོས་ཡུལ་དུ་གྱུར་པ་རྣམས། །མཁས་འདོད་མ་ཡིན་དྲང་པོའི་ངག་གིས་སྨྲས། །ཚིག་དང་དོན་ལ་རྨོངས་མིན་མཁས་པ་རྣམས། །ཁོ་བོའི་ཚིག་འདིར་མུ་ཅོར་མ་སྒྲོགས་ལ། །ཡབ་རྗེ་བླ་མའི་ཡོན་ཏན་དྲན་པ་ཡི། །གསལ་འདེབས་མཛོད་ཅེས་ལག་གཉིས་ཐལ་མོ་སྦྱོར། །ཚིག་ཕྲེང་ལྦུ་བའི་ཟོལ་གྱིས་མ་བརྒྱན་ཡང་། །དོན་མང་ཡན་ལག་བརྒྱད་ལྡན་ཆུ་ཀླུང་འདིས། །བདག་དང་བདག་འདྲའི་ཡིད་ཀྱི་ཉོན་མོངས་གདུང་། །གཞིལ་ནས་ཐར་བདེའི་ཚིམ་པ་མཆོག་ཐོབ་སྨོན། །རྒྱལ་བའི་སྲས་པོའི་སྤྱོད་པ་ལས་བརྩམས་པའི། །བསྟོད་ཚིག་རབ་སྙན་སྤྲིན་གྱི་རོལ་མོ་འདི། །ཐོས་པའི་མོད་ལ་དད་ལྡན་ལེགས་བྲིས་སྒྲོ། །ཁྱེད་ཅག་རབ་ཏུ་དགའ་བའི་གར་གྱིས་ཤིག །
ཅེས་རྣམ་འདྲེན་དམ་པ་བདག་ཅག་གི་འདྲེན་པ་གཅིག་པུ་སེམས་དཔའ་ཆེན་པོ་ཞབས་དཀར་པ་ལ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་སྒོ་ནས་ཅུང་ཟད་ཙམ་བསྟོད་པ་ཨུཏྤལ་གཞོན་ནུའི་ཕྲེང་བ་ཞེས་བྱ་བ་འདི་ནི་རྗེ་ཉིད་ལ་སྐྱབས་སུ་འཛིན་པའི་སློབ་བུ་ཀུན་གྱི་མིང་བདག་གིས། གཞན་ནས་ཚིག་བརྐུས་པ་དང་དོན་གཡར་བ་སོགས་མ་བྱས་པར་བླ་མའི་ཡོན་ཏན་མཐོང་ཐོས་ཡུལ་དུ་གྱུར་པ་རྣམས་སྒྲོ་མ་བཏགས་པར་དྲང་པོར་བརྗོད་པ་རྣམ་པ་ཀུན་ནས་ཀུན་ཏུ་དགེ་བར་གྱུར་ཅིག །

47.2K