༄༅། །དགེ་མི་དགེ་བཅུའི་རྣམ་དབྱེ་བླང་དོར་ལ་སྨོན་པའི་བསླབ་བྱ་བཞུགས་སོ། །

༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ལུས་ཀྱི་ལས་གསུམ་གསོད་རྐུ་ལོག་པར་གཡེམ། །ངག་གི་ལས་བཞི་རྫུན་དབྱེན་ཚིག་རྩུབ་ཀྱལ། །ཡིད་ཀྱི་ལས་གསུམ་བརྣབ་གནོད་ལོག་ལྟ་སྟེ། །མི་དགེའི་ལས་བཅུ་ངན་སོང་སྡུག་བསྔལ་རྒྱུ། །ཆེ་འབྲིང་ཆུང་ངུས་དམྱལ་བ་ཡི་དྭགས་དང་། །དུད་འགྲོ་སྐྱེ་འགྱུར་སྣ་ཚོགས་སྡུག་བསྔལ་ཅན། །མཐོ་རིས་ཐོབ་ཀྱང་རྒྱུ་མཐུན་བྱེད་པ་དང་། །བདག་དབང་སྐྱེས་བུ་བྱེད་འབྲས་སྡུག་བསྔལ་འགྲུབ། །སྲོག་བཅད་པས་ནི་ཚེ་ཐུང་ནད་མང་ཞིང་། །མ་བྱིན་བླངས་པས་དབུལ་ཞིང་འཕོངས་པར་འགྱུར། །ལོག་པར་གཡེམ་པས་ཁྱིམ་ཐབ་དགྲ་ཟླར་བཅས། །རྫུན་དུ་སྨྲ་བས་སྐུར་བ་མང་འགྱུར་ཞིང་། །ཕྲ་མས་བཤེས་བྲལ་ཕན་ཚུན་མི་མཐུན་འགྱུར། །རྩུབ་མོས་མི་སྙན་འཁྱལ་བས་ངག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་མི་འགྲུབ་ཅིང་། །གནོད་སེམས་འཇིགས་བཅས་ལོག་ལྟས་ལྟ་ངན་གླེན། །བྱེད་པ་རྒྱུ་མཐུན་བྱེད་ལས་མཐུན་པར་སྐྱེ། །བདག་དབང་འབྲས་བུ་ཡུལ་ལ་སྨིན་པ་སྟེ། །སྲོག་གཅོད་ས་ཕྱོགས་བཅུད་མེད་འབྲུ་སྨན་སོགས། །མཐུ་ཆུང་འཇུ་དཀའ་སྲོག་ལ་འཚེ་བ་མང་། །བརྐུས་པས་ལོ་ཉེས་མུ་གེས་རྣམ་པར་གདུང་། །ལོག་གཡེམ་ས་ཕྱོགས་རྡུལ་འཁྲིགས་གཤང་གཅི་མནམ། །རྫུན་གྱིས་ས་ཕྱོགས་དྲི་ངད་ལྗན་ལྗིན་གང་། །ཕྲ་མས་གཡང་ས་ངམ་གྲོག་རད་རོད་འགྱུར། །ཚིག་རྩུབ་ཐང་སྐྱ་ཚེར་མ་ཚྭ་སྒོ་ཅན། །ཀྱལ་བས་ནམ་ཟླ་དུས་བཞི་ཚུལ་མིན་འགྱུར། །བརྣབ་སེམས་འབྲས་བུ་ཕྲ་དང་ངན་པར་འགྱུར། །གནོད་སེམས་རོ་བཅུད་ངན་འགྱུར་འཇིགས་བརྒྱད་སྡང་། །ལོག་ལྟས་འབྲུ་ཉམས་མགོན་དང་སྐྱབས་ཀྱི་གནས། །གཏན་མེད་པར་འགྱུར་སྐྱེས་བུ་བྱེད་པའི་འབྲས། །མི་དགེའི་རྣམ་པ་རེ་ཡང་མང་འཕེལ་བའི། །སྡུག་བསྔལ་རྣམ་གྲངས་དུ་མ་མྱོང་བའོ། །དེ་ལྟར་མི་དགེ་བཅུ་བོ་དུག་འདྲ་བར། །ཤེས་ནས་དངོས་དང་ཕྱོགས་མཐུན་ཀུན་སྤོང་ཤོག །མི་དགེའི་ལས་བཅུ་སྤང་བ་དགེ་བཅུ་སྟེ། །རྣམ་སྨིན་སེམས་སྟོབས་ཆེན་པོས་ཁམས་གོང་མའི། །ལྷར་སྐྱེ་འབྲིང་གིས་འདོད་ལྷ་ཆུང་ངུ་ཡིས། །མི་རུ་སྐྱེ་གསུངས་རྒྱུ་མཐུན་འབྲས་བུ་ནི། །སྲོག་གཅོད་སྤངས་པས་ཚེ་རིང་ནད་མེད་ཅིང་། །མ་བྱིན་ལེན་སྤངས་འབྱོར་བ་ཕུན་སུམ་ཚོགས། །ལོག་པར་གཡེམ་སྤངས་ཁྱིམ་ཐབ་དགྲ་ཟླ་མེད། །རྫུན་དུ་སྨྲ་སྤངས་གཞན་གྱིས་བསྟོད་པ་དང་། །རྩུབ་མོ་རྣམ་སྤངས་སྙན་པར་སྨྲ་བས་བདེ། །ཕྲ་མ་རྣམས་སྤངས་མཐོང་ན་མི་མཐུན་མེད། །འཁྱལ་བ་སྤངས་པས་ཚིག་བཟུང་འོས་པར་འགྱུར། །བརྣབ་སེམས་སྤངས་པས་རེ་བ་འགྲུབ་པ་སྟེ། །གནོད་སེམས་སྤངས་པས་ཡིད་འོང་མཐོང་ན་ཞི། །ལོག་ལྟ་སྤངས་པས་བློ་རྣོ་ལྟ་བ་བཟང་། །བྱེད་པ་རྒྱུ་མཐུན་ལེགས་སྤྱད་ཀུན་ལ་འཇུག །བདག་འབྲས་གསོད་སྤངས་ས་ཕྱོགས་རྒྱ་ཆེ་ཞིང་། །འབྲུ་སྨན་ལ་སོགས་མཐུ་ཆེ་སྟོབས་དང་ལྡན། །རྐུ་བ་སྤངས་པས་ལོ་ལེགས་སད་སེར་ཞི། །ལོག་པར་གཡེམ་སྤངས་ས་ཕྱོགས་ཉམས་དགར་འགྱུར། །མི་བདེན་སྨྲ་སྤངས་ས་ཕྱོགས་ཁོད་སྙོམས་ལ། །ཕྲ་མ་སྤངས་པས་ཞིང་ས་གཤིན་པ་དང་། །གཤེ་སྤངས་འཇམ་པའི་རྩི་ཤིང་རབ་ཏུ་རྒྱས། །ཀྱལ་སྤངས་སོ་ནམ་འབྲས་ལྡན་དུས་ཚིགས་རན། །བརྣབ་སྤངས་ལོ་ཏོག་འབྲས་བུ་སྦོམ་པོར་འགྱུར། །གནོད་པའི་སེམས་སྤངས་ཟས་བཅུད་རོ་ཞིམ་མངར། །ལོག་ལྟ་སྤངས་པས་འབྲུ་རྒྱས་མགོན་སྐྱབས་ལྡན། །དེ་ལྟར་མཐོ་རིས་བགྲོད་བྱེད་དགེ་བ་བཅུ། །ཕྱོགས་མཐུན་དང་བཅས་སྒྲུབ་ལ་བརྩོན་པར་ཤོག །

མདོ་སྨད་རེ་སྐོང་སྟོད་ཀྱི་མག་གསར་པཎྜི་ཏ་རིག་འཛིན་ཀུན་བཟང་སྟོབས་ལྡན་དབང་པོས་རང་གནས་རིག་འཛིན་པདྨ་རྣམ་གྲོལ་གླིང་དུ་སྦྱར་བའོ། །

རྩོམ་སྒྲིག་པ། ཀློང་གསལ།

47.2K