༄༅། བླ་མའི་བཀའ་དྲིན་དྲན་པའི་གསོལ་འདེབས་བཞུགས་སོ། །

བྱ་བྲལ་ཆོས་དབྱིངས་རང་གྲོལ།

བླ་མ་མཁྱེན། བླ་མ་མཁྱེན། བླ་མ་མཁྱེན། མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་པའི། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་དྲིན་ཆེན་རྗེ། །ཐ་མལ་མིར་འཛིན་ཞི་བར་བྱིན་གྱིས་རློབས། །དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་རྟེན་འདི། །རྙེད་དཀའ་དོན་ཆེ་ཡིད་བཞིན་ནོར་ལས་ལྷག །ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་པར། །ཐམས་ཅད་མི་རྟག་འཇིག་པའི་ཆོས་ཅན་ནི། །དཔལ་ལྡན་རྩ་བའི་བླ་མའི་དྲིན་ལས་ཤེས། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །རྙེད་དཀའ་འཇིག་སླའི་འཆི་བ་དྲན་པ་དང་། །ཚེ་འདིའི་བློ་སྣ་ལྡོག་པར་བྱིན་གྱིས་རློབས། །དགེ་སྡིག་ལས་ཀྱི་རྣམ་སྨིན་རང་ཐོག་ཏུ། །འབབ་པར་ཡིད་ཆེས་བླང་དོར་ཤེས་པ་དང་། །འཁོར་བའི་གནས་སུ་ནམ་ཡང་བདེ་བ་མེད། །སྡུག་བསྔལ་རྒྱུན་ཆད་མེད་པའི་རང་བཞིན་ནི། །འདྲེན་མཆོག་སྙིང་རྗེ་ཅན་གྱི་དྲིན་ལས་ཤེས། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །དཀར་ནག་ལས་ལ་འཇུག་ལྡོག་བྱེད་པ་དང་། །སྐྱོ་ཤས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །བདག་དང་འགྲོ་དྲུག་འཁོར་བའི་སྡུག་བསྔལ་ལས། །སྐྱོབ་ཕྱིར་སྙིང་ནས་ཡིད་ཆེས་དད་པ་ཡིས། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་ནི། །སྐྱབས་མཆོག་དཔལ་ལྡན་བླ་མའི་དྲིན་ལས་ཤེས། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །རིགས་དྲུག་གནས་ནས་ཐར་བར་བྱིན་གྱིས་རློབས། །བདག་གི་ཕ་མར་གྱུར་པའི་སེམས་ཅན་རྣམས། །བདེ་བས་ཕོངས་ཤིང་སྡུག་བསྔལ་དྲག་པོས་གཟིར། །དེ་དག་རྣམས་ལ་བྱམས་དང་སྙིང་རྗེ་ཡིས། །སྨོན་འཇུག་དོན་དམ་བྱང་ཆུབ་སེམས་མཆོག་བསྐྱེད། །ཐེག་ཆེན་ལམ་གྱི་རྩ་བར་གོ་བ་ནི། །བརྩེ་བའི་བདག་ཉིད་བླ་མའི་དྲིན་ལས་བྱུང་། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔའ་ལ། །བརྟེན་ནས་ཐོག་མེད་ནས་བསགས་སྡིག་སྒྲིབ་ཀུན། །སྟོབས་བཞི་ཚང་པས་དག་པར་བྱེད་ཚུལ་ནི། །འགྲོ་མགོན་ཐུགས་རྗེ་ཅན་གྱི་དྲིན་ལས་ཤེས། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཉེས་ལྟུང་རྩད་ནས་དག་པར་བྱིན་གྱིས་རློབས། །སྐུ་གཉིས་ཐོབ་པའི་རྒྱུར་གྱུར་བསོད་ནམས་དང་། །ཡེ་ཤེས་ཚོགས་གཉིས་བསག་པའི་ཐབས་དམ་པ། །ཕྱི་ནང་གསང་བའི་མཎྜལ་འབུལ་ཚུལ་ནི། །སྐུ་བཞིའི་བདག་ཉིད་བླ་མའི་དྲིན་ལས་ཤེས། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཚོགས་གཉིས་མྱུར་དུ་རྫོགས་པར་བྱིན་གྱིས་རློབས། །བསམ་སྦྱོར་གཉིས་ཀྱིས་བླ་མ་བསྟེན་ཚུལ་དང་། །ཚོགས་ཞིང་གསལ་གདབ་ཡན་ལག་བདུན་པ་དང་། །ཕུར་ཚུགས་གསོལ་གདབ་དབང་བཞི་ལེན་པ་སོགས། །བྱིན་རླབས་རྩ་བ་བླ་མའི་རྣལ་འབྱོར་ནི། །བཀའ་དྲིན་གསུམ་ལྡན་བླ་མའི་དྲིན་ལས་ཤེས། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །སྐྱོན་བྲལ་སངས་རྒྱས་དངོས་སུ་མཐོང་བ་དང་། །བྱིན་རླབས་མྱུར་དུ་འཇུག་པར་བྱིན་གྱིས་རློབས། །རྡོ་རྗེ་ཐེག་པའི་སྨིན་བྱེད་དབང་བཞི་དང་། །གྲོལ་བྱེད་བསྐྱེད་རྫོགས་གཉིས་ཀྱི་གནད་དོན་ཤེས། །བསྒོམ་བསྒྲུབ་བྱས་པས་ཉམས་རྟོགས་འཆར་ཚུལ་ནི། །རིགས་བདག་དཔལ་ལྡན་བླ་མའི་དྲིན་ལས་རྟོགས། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཉམས་ལེན་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །རྫོགས་པ་ཆེན་པོའི་གཞི་ཤེས་ལྟ་བ་དང་། །སྒོམ་པས་རྩལ་སྦྱོང་སྤྱོད་པས་བོགས་འདོན་ལམ། །མཐར་ཕྱིན་འབྲས་བུའི་བཙན་ས་ཟིན་ཚུལ་ནི། །རྗེ་བཙུན་ཆེན་པོ་བླ་མའི་དྲིན་ལས་རྟོགས། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཀ་དག་གནས་ལུགས་ལྟ་བ་རྟོགས་པ་དང་། །སྣང་བཞི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བའི་གསུང་རབ་མ་ལུས་པའི། །གནད་དོན་བསྡུས་ཏེ་བདག་ལ་བརྩེ་བས་བསྟན། །བཀའ་དྲིན་ངོས་ནས་སངས་རྒྱས་ཀུན་ལས་ལྷག །སྐྱབས་གནས་ཀུན་འདུས་ཡིན་ཞེས་རྒྱལ་བས་གསུངས། །སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱང་། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྨིན་གྲོལ་ཟབ་མོའི་ལམ་ལ་འགོད་མཛད་པ། །བླ་མ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དགོངས་བརྡ་སྙན་བརྒྱུད་བླ་མའི་སྲོལ་འཛིན་མཆོག །བླ་མ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་བའི། །བླ་མ་དངོས་གྲུབ་ཅན་ལ་གསོལ་བ་འདེབས། །གེགས་སེལ་བོགས་འདོན་ལ་སོགས་གང་ཕན་སྟོན། །བླ་མ་མངོན་ཤེས་ཅན་ལ་གསོལ་བ་འདེབས། །བར་ཆད་སེལ་ཞིང་སྒྲིབ་གཉིས་སྦྱོང་མཛད་པའི། །བླ་མ་ནུས་མཐུ་ཅན་ལ་གསོལ་བ་འདེབས། །བདག་ལ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །གཞན་ལ་རེ་ས་མེད་དོ་བླ་མ་མཁྱེན། །གསོལ་འདེབས་བུ་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདག་སོགས་མར་གྱུར་སེམས་ཅན་ཐམས་ཅད་ཀྱི། །བློ་སྣ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ཟབ་ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །ལམ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །ཉིན་མཚན་སྒོམ་བསྒྲུབ་ནུས་པར་བྱིན་གྱིས་རློབས། །འཁྲུལ་བའི་བློ་སྣ་འགགས་པར་བྱིན་གྱིས་རློབས། །ཉོན་མོངས་རང་སར་གྲོལ་བར་བྱིན་གྱིས་རློབས། །འོད་གསལ་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། །ཉམས་ལེན་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །རྟོགས་པས་བདག་རྒྱུད་གྲོལ་བར་བྱིན་གྱིས་རློབས། །ཐུགས་རྗེས་གཞན་རྒྱུད་གྲོལ་བར་བྱིན་གྱིས་རློབས། །འགྲོ་ཀུན་སངས་རྒྱས་ས་ལ་འགོད་པར་ཤོག །
ཅེས་པ་འདི་ནི་སྤྲུལ་སྐུ་འཇིགས་མེད་རྣམ་གྲོལ་དེས། བླ་མ་ནི་མདོ་རྒྱུད་ཐམས་ཅད་ནས་སངས་རྒྱས་དངོས་སུ་གསུངས་པ་དང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ཀུན་ལས་ལྷག་པར་གསུངས་པས་ན། མདོ་སྔགས་ཀྱི་བསླབ་བྱ་དང་འབྲེལ་བར་བླ་མའི་བཀའ་དྲིན་དྲན་པའི་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་ངོར། ཆོས་དབྱིངས་རང་གྲོལ་གྱིས་མགོན་པོ་རྫོང་ནས་བྲིས་སོ། །དགེ་འདི་ བླ་མ་སངས་རྒྱས་སུ་མཐོང་བའི་རྒྱུར་གྱུར་ཅིག །

47.2K