༄༅། །ས་སྐྱོང་མི་དབང་དོ་ཀྱའི་དཔོན་པོ་སོགས་ལ་གནང་བའི་བསླབ་བྱ།

རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །བདག་འདྲ་བའི་སྐྱོན་མཚང་ཅན་རྣམས་ལ། །དོན་བཀའ་དང་མཐུན་པའི་ཡི་གེར་སྤྲིངས། །སེམས་རྒྱུད་ལ་ཕན་པར་བྱིན་གྱིས་རློབས། །དུས་དེང་སང་འཁོར་ལྡན་བླ་མའི་གསུང་། །བརྩི་དཀའ་ཡང་བསྒྲུབ་པར་བྱེད་ན་ཡང་། །རྗེ་བཀའ་དྲིན་ཅན་གྱི་བླ་མའི་གསུང། །བརྩི་སླ་ཡང་བསྒྲུབ་མཁན་ཤིན་ཏུ་དཀོན། །དུས་དེང་སང་སྡེ་དཔོན་རྣམས་ཀྱིས་ཀྱང་། །དམག་ཇག་གི་ཁ་འགོ་བྱེད་པ་མང་། །འབངས་ཆོས་ལ་འགོད་པ་ཤིན་ཏུ་དཀོན། །དེ་ཡིད་ལ་བཟུང་ན་རང་གཞན་བདེ། །དུས་དེང་སང་རི་ཁྲོད་པ་སོགས་ཀྱིས། །བླ་མ་ལ་གྱོད་གཏམ་ཞུ་མཁན་མང་། །ཆོས་ཐོས་བསམ་སྒོམ་གསུམ་བྱས་ནས་ཀྱང་། །ཉམས་རྟོགས་པ་ཞུ་མཁན་ཤིན་ཏུ་དཀོན། །དུས་དེང་སང་བུ་སློབ་འགའ་ཞིག་ལ། །དབང་ལུང་སོགས་གདམས་ངག་བྱིན་པ་བས། །ཟས་ཞིམ་པོ་ལན་གཅིག་བྱིན་ན་དགའ། །དེ་བས་ན་འགྲོ་དོན་མཛད་མཁན་དཀོན། །དུས་དེང་སང་དོན་མེད་ལོང་གཏམ་དང་། །ཟས་གོས་ཀྱི་དོན་དུ་ངལ་དུབ་ཀྱིས། །སྡུག་བསྔལ་གྱི་ལས་ལ་ཉིན་མཚན་བརྩོན། །ཁ་ཏོན་སོགས་དགེ་སྦྱོར་བྱེད་མཁན་དཀོན། །དུས་དེང་སང་ཕ་མ་རྒས་འཁོགས་སོགས། །གཉོམ་ཆུང་ན་ཀུན་གྱིས་བརྙས་སྨོད་བྱེད། །ཟས་གོས་ཀྱང་ངན་ངོན་ཙམ་བྱིན་ནས། །བྲན་གཡོག་ལྟར་ལས་རྣམས་བྱེད་དུ་འཇུག །དུས་དེང་སང་ཁབ་དང་སྐུད་པ་ཙམ། །མི་གཞན་ལ་བྱིན་ན་ངོ་སོ་མཐོ། །དྲིན་ཅན་གྱི་ཕ་མའི་ནོར་རྫས་རྣམས། །བུ་བུ་མོར་བྱིན་ཀྱང་མགུ་དུས་མེད། །དུས་དེང་སང་དབང་ཡོད་རྣམས་ཀྱིས་ཀྱང་། །རིན་ཆེ་བའི་གོས་དང་ཟས་རྣམས་ནི། །རང་གཅིག་པུས་སྤྱད་དེ་སེར་སྣས་འཆིང་། །ཡས་མར་གྱི་མཆོད་སྦྱིན་བྱེད་མཁན་དཀོན། །རང་སྐྱིད་འདོད་མི་དགེ་ལས་བསགས་ན། །དེའི་འབྲས་བུ་སྡུག་བསྔལ་མྱོང་འགྱུར་ངེས། །འདི་གཞན་སྐྱོན་ལྟ་བའི་མེ་ལོང་མིན། །མི་བདག་ལའང་འདི་འདྲའི་སྐྱོན་རྣམས་འདུག །ང་རྒྱལ་དང་ཕྲག་དོག་ཞེ་སྡང་སོགས། །དགྲ་ཉོན་མོངས་སྐྱེས་དུས་མ་སྤངས་པར། །ཡོན་ཏན་དུ་བལྟས་ན་འཐབ་རྩོད་བྱེད། །ལས་དེ་ཡིས་འདི་ཕྱི་བདེ་སྐྱིད་འཇོམས། །མི་དབང་ཆེན་རྣམས་ཀྱི་སྙིང་ལ་ཡང་། །ལས་དབང་གིས་གྱོད་འདྲེ་འཇུག་ཉེན་ཡོད། །དེར་དགའ་ཡང་དོགས་ཟོན་མ་བྱས་ན། །ལས་དེ་ཡི་འབྲས་བུ་མྱོང་དུས་སྡུག །རང་ཤི་ན་འདོད་པའི་སེམས་ཅན་མེད། །སྲོག་གཅོད་ཀྱི་འབྲས་བུ་སྨིན་དུས་སུ། །འཐབ་རྩོད་ལ་དགའ་བ་ཡང་ཡང་སྐྱེ། །མི་གཞན་གྱིས་བསད་ཀྱང་འགྱོད་པ་མེད། །དཔའ་མིང་ཐོབ་ཚིག་སྐམ་དོན་དུ་གཉེར། །དཔའ་རང་ཚོད་མ་ཟིན་རང་སྲོག་གཅོད། །ཚེ་འདི་ཡི་བདེ་སྐྱིད་སྐད་ཅིག་ལ། །འཇོམས་ངེས་པ་དེ་ལ་སུ་ཞིག་དགའ། །འགོ་འཛིན་མཁན་མནར་མེད་དམྱལ་བར་སྐྱེ། །དམག་མི་རྣམས་ཡང་སོས་སྐྱེ་བར་གསུངས། །དེར་མ་སྐྱེས་གོང་དུ་དོགས་ཟོན་གྱིས། །དེར་མི་སྐྱེ་སྙམ་པའང་ང་རྒྱལ་ཡིན། །རང་སེམས་ལ་ལྟ་རྟོག་མ་བྱས་ན། །ཞེ་སྡང་གིས་རང་སྲོག་གཅོད་ཉེན་ཡོད། །དཔེ་ཐབ་ཁའི་མེ་ཡང་མ་འབར་ན། །དེ་རང་སྐྱོན་ཡིན་ཡང་མེ་ལ་ཁྲོ། །དེ་བས་ན་བཟོད་པའི་གོ་ཁྲབ་གྱོན། །ཤེས་རབ་ཀྱི་མཚོན་ཐོགས་དྲན་ཤེས་ཀྱིས། །ཉོན་མོངས་པ་གང་བྱུང་བསད་གྱུར་ན། །འདི་བླ་ན་མེད་པའི་དཔའ་བོ་སྟེ། །སྟོང་གསུམ་གྱི་སེམས་ཅན་དགྲར་ལངས་ཀྱང་། །ཉོན་མོངས་པའི་དགྲ་བཅོམ་དཔའ་བོ་ལ། །དེས་མི་གནོད་ཆོས་ཀྱི་ཆེ་བ་འབྱིན། །འདི་སངས་རྒྱས་ཐོབ་པའི་ལམ་མཆོག་ཡིན། །ཉོན་མོངས་པ་དགྲ་རུ་མ་མཐོང་ན། །ཕྱི་དགྲ་བགེགས་མེད་པར་བྱེད་མི་ཐུབ། །ཉོན་མོངས་ལ་གཉེན་པོ་བརྟེན་ཐུབ་ན། །དགྲ་རྣམས་ཀྱང་གཉེན་དུ་འགྱུར་བར་ངེས། །ནང་སེམས་རྒྱུད་བཟང་ན་ལྷ་མིས་ཀྱང་། །མཆོད་གནས་སུ་འགྱུར་བར་ཐེ་ཚོམ་མེད། །སྔོན་སྲོང་བཙན་ཁྲི་སྲོང་ལྡེའུ་བཙན་བཞིན། །བསྟན་འགྲོའི་དོན་དཔག་མེད་ཤུགས་ཀྱིས་འབྱུང་། །སྔོན་བསགས་ཀྱི་སྦྱིན་འབྲས་མ་སྨིན་ན། །ཅི་བསམ་ལྟར་མི་འགྲུབ་རྟག་མི་འགྱུར། །ཚོགས་བསགས་ན་འདོད་པས་མ་བསྒྲུབ་ཀྱང་། །ནོར་རྫས་སོགས་ཤུགས་ཀྱིས་འབྱུང་བར་འགྱུར། །ཆོས་ལྡན་གྱི་རྒྱལ་པོའི་གསུང་རྩིས་ན། །འབངས་རྣམས་ལ་བདེ་སྐྱིད་ངང་གིས་འབྱུང་། །བློན་པོ་འགས་བསམ་པ་བསྒྱུར་ཉེན་ཡོད། །ཆོས་རྒྱལ་གྱི་རང་ཚུགས་བཟུང་ན་ལེགས། །དུས་ད་ལྟ་དལ་འབྱོར་མི་ལུས་ཐོབ། །མཇལ་དཀའ་བ་མཚན་ལྡན་བླ་མར་མཇལ། །ཐོས་དཀའ་བ་མདོ་སྔགས་དམ་ཆོས་ཐོས། །ཆོས་ཉམས་སུ་ལེན་པའི་རྟེན་འབྲེལ་འགྲིགས། །ད་ནམ་འཆི་ངེས་མེད་མ་བསམ་ན། །ཆོས་བསྒྲུབ་འདོད་ཡོད་ཀྱང་ལེ་ལོས་འཁྱེར། །རང་འཆི་དུས་འགྱོད་ཀྱང་མི་ཕན་པས། །ལས་འབྲས་ལ་ཡིད་ཆེས་སྤངས་བླངས་མཛོད། །སྤྱིར་རིགས་དྲུག་འཁོར་བའི་སྡུག་བསྔལ་དང་། །སྒོས་ངན་སོང་གསུམ་གྱི་སྡུག་བསྔལ་ལས། །སྐྱོབ་ཕྱིར་དུ་སྐྱོ་ཤས་ངེས་འབྱུང་གིས། །མཆོག་གསུམ་ལ་སྙིང་ནས་སྐྱབས་འགྲོ་བྱ། །ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་དང་། །སྒྲིབ་སྦྱངས་དང་ཚོགས་བསགས་ཅི་ཐུབ་ཀྱིས། །བླ་མ་ལ་སྙིང་ནས་གསོལ་བ་ཐོབས། །ཡི་དམ་ལ་བསྙེན་བསྒྲུབ་བྱེད་པར་མཛོད། །ང་ཐུག་ཀྱང་འདི་ལས་བཤད་རྒྱུ་མེད། །དོན་མེད་པའི་གཏམ་གྱིས་ཅི་ཞིག་བྱ། །རྩོམ་མི་ཤེས་ན་ཡང་ཕན་སེམས་ཀྱིས། །བྲིས་པ་འདིས་རྒྱུད་ལ་ཕན་པར་ཤོག །
ཅེས་པ་འདི་ནི་ས་སྐྱོང་མི་དབང་དོ་ཀྱའི་དཔོན་པོ་སོགས་སྔགས་འཆང་དུ་མས་ང་ལ་ཐུག་དགོས་ཞེས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་བསླབ་བྱ་འདི་ཆོས་དབྱིངས་རང་གྲོལ་གྱིས་མགོན་པོ་རྫོང་ནས་བྲིས་ཏེ་ཕུལ་བའོ། །དགེའོ། །

47.2K