༄༅། །རེབ་ཀོང་གྲུབ་གནས་གསོལ་འདེབས་དག་སྣང་འོད་དཀར་དྲྭ་བ།

མི་བསྐྱོད་འཇིགས་མེད་མཁས་གྲུབ་རྒྱ་མཚོ།

འཕགས་མཆོག་འཇིག་རྟེན་དབང་ཕྱུག་བསམ་བཞིན་དུ། །རོང་སྟོན་སྐྱབས་མགོན་མཆོག་གི་རྣམ་པར་རོལ། །ས་རབ་དགའ་བ་ཐོབ་པའི་ཚུལ་གནང་བའི། །དགོན་གནས་རྩ་ལག་དང་བཅས་གཙུག་གིས་མཆོད། །མདོ་སྨད་རོང་ཆེན་ནང་ཚན་གསེར་མོ་ལྗོངས། །སྐུ་གསུང་ཐུགས་རྟེན་གསར་རྙིང་མཁན་སྤྲུལ་དང་། །མདོ་སྔགས་བསྟན་འཛིན་དགེ་འདུན་སྡེ་གཉིས་བཅས། །རྟེན་དང་བརྟེན་པར་བཅས་ལ་གུས་པས་འདུད། །འཇའ་ལུས་བརྙེས་པའི་ཀ་ཐོག་རྡོ་རྗེ་དབང་། །གྲུབ་པའི་གནས་མཆོག་ཤེལ་གྱི་དགོན་པ་དང་། །སྤྱན་གཟིགས་རྣལ་འབྱོར་འོད་དེ་གུང་རྒྱལ་གྱི། །གྲུབ་གནས་སྟག་ལུང་དཔལ་གྱི་རི་བོ་ལ། །གསོལ་བ་འདེབས་སོ་དག་སྣང་ཕྱོགས་མེད་སྩོལ། །མ་གསོད་ཤུལ་ལུ་འུར་བ་གྲུབ་པའི་གནས། །སྤྱང་གི་རྭ་རྩེའི་ཕུག་དང་པདྨ་འབུམ། །འཕར་ཚང་རྡོ་རྗེ་རྫོང་སྟེ་གུ་རུ་རྗེས། །ལྷ་སྲིན་དམ་བཏགས་ལྷ་འདུ་ཐང་བཅས་ལ། །གསོལ་བ་འདེབས་སོ་དག་སྣང་ཕྱོགས་མེད་སྩོལ། །གསང་བདག་རྣལ་འབྱོར་འཕགས་པ་ལི་ཁྲོད་ཀྱིས། །གྲུབ་གནས་འདམ་བུ་བྲག་དཀར་གསེར་ཁང་དང་། །རང་བྱུང་ཆུ་ཚན་རྡོ་སྐུ་མཆོད་རྟེན་བཅས། །རྡོ་དང་ཤིང་སྨན་ལ་སོགས་འགྲོ་ཕན་ལ། །གསོལ་བ་འདེབས་སོ་དག་སྣང་ཕྱོགས་མེད་སྩོལ། །ཨ་མཐུའི་སྲས་པོ་གཡུ་རལ་གྲུབ་པའི་གནས། །མཐའ་སྨུག་རྫོང་དམར་མཁའ་འགྲོ་འདུ་བའི་ཞིང་། །བསེས་ཀྱི་རྒྱལ་བ་བྱང་ཆུབ་ཆེན་པོ་ཡི། །གྲུབ་གནས་སྐྱ་རྒན་སྨན་མོ་དངོས་བཞུགས་ལ། །གསོལ་བ་འདེབས་སོ་དག་སྣང་ཕྱོགས་མེད་སྩོལ། །བོན་སྟོན་དྲན་པ་ནམ་མཁའ་གྲུབ་པའི་གནས། །གོང་མོའི་གུར་ཁང་རང་བྱོན་སྣ་ཚོགས་པ། །ནགས་རྒྱའི་གྲུབ་ཆེན་ཀླུ་དབང་ཀེའུ་ཚང་དང་། །དགུ་རོང་ཉིན་སྲིབ་གྲུབ་གནས་ཐམས་ཅད་ལ། །གསོལ་བ་འདེབས་སོ་དག་སྣང་ཕྱོགས་མེད་སྩོལ། །འབོལ་གྱི་བྱང་ཆུབ་སེམས་དཔའ་གྲུབ་པའི་གནས། །མཁར་གོང་ལ་ཁ་པདྨའི་བྱིན་རླབས་ཅན། །མ་སངས་གཡའ་སྤང་དམ་ལ་བཞག་པ་དང་། །གུ་རུ་སྐྱབས་སོགས་གྲུབ་པའི་བཞུགས་གནས་ལ། །གསོལ་བ་འདེབས་སོ་དག་སྣང་ཕྱོགས་མེད་སྩོལ། །དམ་པ་ཆོས་ལྡིང་གྲུབ་གནས་གཡུ་ལུང་དང་། །ཀ་རོང་ཤེལ་དེའུ་རྒྱ་གར་སྒྲུབ་པའི་ཕུག །ར་མ་དཀར་མོ་ཉི་མ་མཐིལ་རྩེ་དང་། །གསང་ལུག་མཁའ་འགྲོ་འདུ་བའི་གནས་མཆོག་ལ། །གསོལ་བ་འདེབས་སོ་དག་སྣང་ཕྱོགས་མེད་སྩོལ། །གཞན་ཡང་གཤིན་རྗེའི་སྒྲུབ་གནས་འབྲི་གུ་ཅོང་། །སྒྲུབ་སྡེ་བརྒྱད་གནས་དབེན་དང་ཡང་དབེན་སོགས། །རེབ་ཀོང་ཕྱོགས་གནས་འགང་ཆེན་ཡོད་ཚད་ལ། །གསོལ་བ་འདེབས་སོ་དག་སྣང་ཕྱོགས་མེད་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རིས་མེད་རྒྱལ་བསྟན་གོང་ནས་གོང་དུ་འཕེལ། །བསྟན་འཛིན་ཞབས་བརྟན་ཐུགས་མཐུན་ཡུལ་ཁམས་དགེ། །འགྲོ་ཀུན་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །

ཅེས་པ་འདི་ནི་དད་དམ་གཙང་མའི་ནོར་འཆང་ཌཱ་ཀི་བློ་བཟང་ཆོས་ཀྱི་སྒྲོན་མས་ལྷ་རྫས་རྟེན་བཅས་ཡང་དང་ཡང་དུ་བསྐུལ་ཐོག་མགོན་ཤུལ་སྔགས་འཆང་བསམ་གཏན་དང་འཇིགས་མེད་གཉིས་ནས་ཀྱང་དེ་བཞིན་བགྱིས་པར་བརྟེན། སྔགས་བཙུན་དྷཱི་མིང་བས་སྤེལ་བའོ། །

47.2K