དམ་ཆོས་ཆུང་མ་བླངས་ཚུལ་གྱི་མགུར་མ།

ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །འཇིག་རྟེན་སྡུག་གི་ཆུང་མ་དེ། །སྐྱོ་བ་སྐྱེས་ནས་ངས་མ་བླངས། །དམ་ཆོས་སྐྱིད་ཀྱི་ཆུང་མ་དེ། །བདག་གིས་བླངས་ཚུལ་བཤད་ཀྱིས་ཉོན། །མཚན་ལྡན་བླ་མས་བར་པ་བྱས། །འཁོར་བའི་ཕུན་ཚོགས་རིན་དུ་འཇལ། །མཆོག་གསུམ་རྩ་གསུམ་ཕ་མེས་ཀྱིས། །སྟོང་ཉིད་ན་ཆུང་མཛེས་འཛུམ་མ། །བདེ་གསལ་མི་རྟོག་གོས་རྒྱན་བཏགས། །འཕགས་ནོར་བདུན་གྱི་སྐྱེས་དང་བཅས། །ཆོས་དབྱིངས་ལམ་ལ་བསྐྱལ་ནས་འོང་། །སྦྱོར་བའི་ཆོས་ཀྱི་སྡུན་ནས་བསུས། །དད་པ་བརྟན་པོའི་གདན་ལ་བཞག །མོས་གུས་དག་སྣང་ཤ་ཆང་དྲངས། །ཟབ་རྒྱས་ཆོས་ཀྱི་སྟོན་མོ་བཤམས། །བདེན་པ་གཉིས་ཀྱིས་བཤད་པ་བྱས། །རྟེན་ཅིང་འབྲེལ་འབྱུང་གླུ་དབྱངས་བླངས། །བདེ་ཆེན་ཉམས་ཀྱི་བྲོ་གར་འཁྲབ། །མཚན་ལྡན་བླ་མ་བར་པ་ཡིས། །འཛད་མེད་བྱིན་རླབས་མག་ལྭ་བསྐོན། །དངོས་གྲུབ་སྣ་ཚོགས་ཕྱྭ་གཡང་བོས། །བར་པ་དྲིན་ཅན་བླ་མ་ལ། །བསམ་སྦྱོར་གཉིས་ཀྱི་ཕྱག་རྟེན་ཕུལ། །ཐབས་མཁས་བསྡུ་བཞིའི་སྟོན་མཇུག་བསྡུས། །མགྲོན་རྣམས་ཆོས་ཀྱི་དབྱིངས་སུ་གྱེས། །གཏན་གྱི་བདེ་སྟེར་གཞོན་ནུ་མར། །ཐབས་ཤེས་གཉིས་ཀྱི་ལག་པས་འཁྱུད། །བདེ་སྟོང་འོ་དང་སྦྱོར་བ་བྱས། །བཅོས་མིན་སྙིང་རྗེ་བུ་གཅིག་བྱུང་། །བསྒོམ་བྱུང་ཤེས་རབ་བུ་མོ་བྱུང་། །ཉམས་རྟོགས་ཡོན་ཏན་འཛད་མེད་ཀྱི། །ནམ་མཁའ་མཛོད་ལ་མངའ་དབང་བསྒྱུར། །ད་ལྟ་བློ་སེམས་བདེ་མོར་གདའ། །ཨེ་མ་རྨད་བྱུང་སྐལ་བ་བཟང་། །བདག་གིས་ཆུང་མ་བླངས་པ་བཞིན། །ཆོས་མཛད་ཀུན་གྱིས་ལེན་པར་གྱིས། །གླུ་འདི་ཐོས་ཚད་ཐམས་ཅད་ཀྱིས། །ཆོས་ཀྱི་ཆུང་མ་ལེན་པར་སྨོན། །

47.2K