༄༅། །གཏེར་སྟོན་བླ་མ་འཇིགས་མེད་རྡོ་རྗེ་དཔའ་བོའི་སྤྱོད་འཇུག་འགྲེལ་ཆེན་གྱི་པར་བྱང་སྨོན་ཚིག

img_4654འབྲུག་སྤྲུལ་པདྨ་མཐུ་སྟོབས་རྡོ་རྗེ།

ཨོཾ་སྭ་སྟི་ཤུ་བྷཾ་མསྟུ། བགྲང་ཡས་ཆོས་རྣམས་འཛིན་མེད་ངོ་བོ་ཉིད་ཀྱིས་ལྷག་པར་རབ་གཟིགས་པས། །མཐའ་གཉིས་རབ་བཅོམ་རྟག་པར་ཕུན་ཚོགས་ལྔ་ལྡན་རྒྱལ་སྲིད་ཆེན་པོ་ཡིས། །རྣམ་མང་ཀུན་རྟོག་རྗེས་སོན་བཀོད་མར་ཟླ་བའི་སྐྱེ་མཆེད་སྣང་བ་བཞིན། །རབ་འབྱམས་རྒྱ་མཚོའི་ཞིང་དག་མཛེས་བྱེད་ཐུབ་དབང་མཆོག་གིས་བདག་སྐྱོངས་ཤིག །བདེ་ལྡན་རྒྱལ་བའི་ཐུགས་གསང་བཅུད་མཆོག་འོད་ལྔ་བདུད་རྩི་གསར་པའི་རོས། །མདངས་ཆགས་མཚོ་དབུས་འདབ་སྟོང་རབ་རྒྱས་གེ་སར་ལྷག་ལྷག་དགོད་པའི་རྩེར། །ལེགས་སྨིན་རྨད་བྱུང་མཆོག་གི་ཟློས་གར་རང་རྒྱུད་མཚན་དཔེས་མཛེས་པའི་གཟུགས། །སྡུག་བསྔལ་བདེ་བ་ཆེན་པོར་གཅོད་བྱེད་རྩིབས་རྣོན་མུ་ཁྱུད་ཅན་དབུས་རོལ། །རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་མ་ལུས་རྡུལ་ཕྲན་ཉིད་དུ་བསགས་པའི་ཆ། །ཐུན་མཚམས་ཞུན་མར་གསར་པའི་ལང་ཚོར་མཚན་དཔེའི་གཟི་བྱིན་བཀྲག་འབར་བས། །རྨོངས་འགྲོའི་མུན་པའི་དྲ་བ་གཅོད་ལ་གཅིག་ཏུ་དཔའ་བའི་དཔལ་ཆེན་དེ། །ཆོས་ཀྱི་འཁོར་ལོའི་ལྟེ་བར་ཞུགས་ལ་མི་ཉམས་སྤོབས་པའི་སྣང་བ་སྩོལ། །ཕྱོགས་བཅུའི་ཞིང་རྣམས་རབ་འབྱམས་ཁམས་ཀྱི་སྒྲ་དབྱངས་མ་ལུས་ཡོད་དོ་ཅོག །རྒྱུད་གཅིག་ཉིད་དུ་ལེགས་པར་ཚོགས་པར་འགྱུར་མེད་ནཱ་ད་ཕྲ་བའི་གཟུགས། །མ་ལུས་ཤེས་བྱའི་སྣང་བརྙན་ཇི་བཞིན་རིག་པར་བྱེད་མཁས་མ་དེ་ནི། །ལོངས་སྤྱོད་འཁོར་ལོར་འབྲལ་མེད་རྟག་ཏུ་རྩེན་པའི་གར་གྱིས་རོལ་གྱུར་ཅིག །དྲི་མེད་མཁྱེན་པའི་བློ་གྲོས་རྣམ་དག་ངོས་ཡངས་ཀུན་གསལ་སྒེག་མོ་དང་། །ཐུགས་བརྩེའི་གཟི་འོད་ཟེར་ཕྲེང་སྣང་བས་ཕྱོགས་མཐའ་འགེང་བའི་ཉི་མར་ངེས། །ཕྲིན་ལས་མཛད་བཟང་རྒྱུན་ཆགས་ཆུ་བོའི་ཀླུང་ལྟར་རྒྱས་པ་ཡབ་སྲས་གང་། །མི་འབྲལ་དྲྭ་བ་འཛིན་པའི་རྒྱན་དུ་དད་བརྒྱའི་པདྨོར་རྟག་རོལ་ཅིག །ཨོ་ཊི་ཡ་ནའི་ཡིད་འཕྲོག་རྒྱན་གྱུར་འཇིགས་མེད་རྟག་ཁྱབ་རང་བྱུང་སྐུའི། །རྣམ་འགྱུར་ཐ་དད་རང་དོན་ལ་སྡང་གཞན་དོན་བརྟུན་པའི་གོ་བགོས་པས། །འགྲོ་ལ་མི་འཇིགས་ཆོས་ཀྱི་མཆོག་སྦྱིན་རྒྱལ་བ་མཆོག་གི་རྗེས་སྐྱེས་སྲས། །སྨྲ་བའི་དབང་ཕྱུག་སྐྱེས་ཆེན་དཔའ་བོ་རྣམས་ལ་རབ་ཏུ་གུས་པས་འདུད། །གདོད་མའི་འགོག་བདེན་འདུ་མ་བྱས་དབྱིངས་འཇིགས་བྲལ་འཕོ་མེད་ཡེ་ཤེས་ཐུགས། །མི་ཤིགས་ནཱ་དའི་རོལ་མོར་འཁྱིལ་བ་འགག་མེད་རྡོ་རྗེའི་ཚངས་དབྱངས་ལྡན། །སྣ་ཚོགས་མོས་པའི་མིག་གི་འདོད་འཇོར་དཔའ་བརྟན་སྐྱེ་བོའི་ཚུལ་འཆང་སྐུ། །གསང་གསུམ་རྨད་བྱུང་ཤནྟ་དེ་ཝར་མི་གཉིས་དྲིན་ཅན་བླ་མར་འདུད། །གཟོད་ནས་གཞན་ཕན་ལ་གོམས་ཐུགས་བརྩེའི་ཀྱོ་བས་དྲེགས་ལྡན་གཉིས་འཐུང་བཞིན། །མཐའ་ཀླས་འགྲོ་རྒྱུད་དྲང་པོར་གཞུག་ཕྱིར་ལེགས་གསུང་སྣང་སྦྱིན་སྲིད་འདི་རུ། །ཇི་སྙེད་བྱོན་པའི་དྲང་སྲོང་རིང་ལུགས་དམན་པ་མིན་པར་སློང་བྱེད་པའི། །ཚད་མའི་སྐྱེས་བུ་འཇིག་རྟེན་གསུམ་གྱི་མཆོད་སྡོང་དེ་ལ་དད་ཕྱག་འཚལ། །གང་གི་ཐུགས་གསང་དཔལ་བེའུ་དྲ་བར་གནས་འཆའ་འཇམ་པའི་རྡོ་རྗེ་ཡིས། །བདག་རྐྱེན་ལས་འོངས་རྒྱལ་སྲས་སྤྱོད་པའི་མ་ནོར་ལམ་བཟང་ཡིད་བཞིན་དབང་། །གང་ཞིག་ལ་བསྙེན་སྐྱེས་བུ་མཆོག་དེའི་འདི་ཕྱིའི་རྨོངས་དབུལ་རབ་བཅོམ་ནས། །ཐར་མཆོག་ནོར་བུའི་གན་མཛོད་སྒོ་འཕར་ཕྱེ་བའི་རྒྱུ་གཅིག་ཉིད་དུ་ངེས། །དེ་ཡི་དགོངས་འགྲེལ་སྒྲོན་མེའི་སྣང་བ་མཆོག་སྦྱིན་རྒྱ་བོད་གཉིས་ཆར་ནས། །མཁས་མང་བསྟན་བཅོས་ནམ་མཁའི་སྐར་ཚོགས་ལྟར་དུ་ལེགས་པར་རབ་བཀྲ་ཡང་། །གཟི་བྱིན་མཆོག་གི་སྣང་བ་ཉི་ཟླ་ལྟ་བུའི་ལེགས་བཤད་གསར་ཤར་འདིས། །བྱང་སེམས་མྱུ་གུ་སྨིན་སྡུད་སྐྱེད་པས་བརྒྱུད་ལྡན་མན་ངག་ཉིད་དུ་གོ། །དེས་ན་ལེགས་བཤད་དཀར་པོའི་ཟླ་སྣང་མུ་ཏིག་གསར་པའི་མཛོད་ཆེན་པོ། །སྣང་སེམས་དབང་འབྱོར་གྲུབ་བརྙེས་དུ་མའི་ཞབས་སྐྱེས་པདྨས་རེག་པའི་གནས། །མ་བྱས་རང་བྱུང་སྣང་བརྙན་ལེགས་ཤར་བྱིན་ཆགས་མཁའ་འགྲོའི་གཡང་རྫོང་གི། །གསང་བསྟན་པད་དཀར་དགའ་ཚལ་རབ་རྒྱས་འོད་གསལ་རྡོ་རྗེའི་ཆོས་གླིང་འདིར། །གཅིག་ལས་རྣམ་འགྱུར་སྟོང་ཕྲག་དུ་མར་རབ་འཕྲུལ་རིན་ཆེན་སྤར་མཆོག་གང་། །ལེགས་པར་བསྐྲུན་འདིར་སྣག་ཤོག་གྲོན་པའི་དམན་པའི་བསམ་པ་ལོག་དོར་ནས། །འགྲོ་ཕན་སྙིང་སྟོབས་ཆེན་པོའི་གོ་ཆ་བགོས་ཏེ་རྒྱལ་སྲས་སྤྱོད་པ་ལ། །ཞུགས་སྤྲོའི་སྣང་བས་ཆོས་སྦྱིན་སྤེལ་ལ་དལ་འབྱོར་དབང་པོ་དོན་ཡོད་ཞུ། །དེ་ལྟའི་འབྲི་རྐོའི་འདུ་བྱེད་ཡོན་སྦྱོར་རྩོལ་སོགས་ལེགས་པར་གང་འབྲེལ་བའི། །བསོད་ནམས་རྒྱུན་བཟང་འདིས་མཚོན་སྐྱེ་འཕགས་ཚོགས་རྣམས་ཀྱིས་ནི་དུས་རྩེ་མོར། །བསགས་པའི་ལེགས་བྱས་ཆུ་ཀླུང་ཆེན་པོ་ཕྱོགས་གཅིག་ཉིད་དུ་མཚོན་བྱས་ཏེ། །རྣམ་གྲོལ་ཞི་བ་མཆོག་གི་རྒྱ་མཚོར་ཆུད་མི་ཟ་བར་འཇུག་གྱུར་ཅིག །གང་གི་མཐུ་ཡིས་ནམ་མཁའི་དབྱིངས་ཀུན་ཡོངས་སུ་ཁྱབ་པའི་འཇིག་རྟེན་དུ། །མེ་དང་ལྟོ་འགྲོ་དྲག་པོའི་དབལ་ལྡན་སྡུག་བསྔལ་ལྕགས་ཀྱི་འཕྲུལ་འཁོར་གྱི། །ཉེར་ལེན་ཀུན་འབྱུང་འདུ་བྱེད་གཡོ་བའི་ཚོགས་ཀུན་བག་ལ་ཞ་གྱུར་ནས། །རྙེད་དཀའ་བྱང་ཆུབ་མཆོག་གི་ནོར་བུ་འགྲོ་རྣམས་ཀྱིས་ནི་ཐོབ་པར་ཤོག །གནས་སྐབས་ཀུན་ཏུ་ཕུན་ཚོགས་བདེ་དགའི་ལང་ཚོའི་མེ་ཏོག་རབ་བཀྲ་ཞིང་། །དུས་མིན་འཆི་དང་གདུག་པའི་ལྕེ་ཡིས་ནམ་ཡང་རེག་མིན་འཚོ་བ་དང་། །ཡིད་བཟང་གེ་ས་ར་ཡི་རུམ་དུ་དམ་ཆོས་སྦྲང་རྩིའི་བཅུད་ཀྱིས་གཏམས། །མྱང་དང་འགྲོལ་བའི་དངོས་པོར་གནས་ཏེ་ཁམས་གསུམ་འཁོར་བ་དོང་སྤྲུགས་ཤོག །གང་དུ་ཐུབ་པའི་ཆོས་ཚུལ་ཉིན་བྱེད་དབང་པོའི་འོད་ཟེར་བཀྱེ་བ་ལས། །སྲིད་དག་བདུད་སྡེའི་མུན་ཚོགས་རབ་ཏུ་སྐྱེངས་ཏེ་ཡུལ་གཞན་དག་ཏུ་ཡིབས། །བླང་དོར་སྣང་བ་འགོག་མེད་འཆར་བཞིན་རྫོགས་ལྡན་དང་པོའི་དགའ་སྟོན་དང་། །འགྲོགས་པའི་སྐལ་བཟང་ལང་ཚོ་དུས་རྣམ་ཀུན་ཏུ་གཡོ་མེད་རྒྱས་གྱུར་ཅིག །ཕྱོགས་དུས་ཀུན་ཏུ་དེར་འཛིན་སྐྱེས་བུའི་ཡོངས་འདུའི་ལྗོན་བཟང་ལེགས་འཁྲུངས་པ། །ཆོས་ཆར་འདོད་འཇོའི་མཛད་བཟང་ནམ་ཡང་དམན་པའི་ཚུལ་ནི་རབ་བཏང་སྟེ། །གཞོམ་གཞིག་བགྲེས་རྒུད་བྲལ་བ་ཆོས་ཁམས་ས་འཛིན་དབང་པོར་སྲོག་ཞུགས་པའི། །ནམ་ཡང་འཕོ་མེད་གཡུང་དྲུང་ཁམས་ལྟར་བསྐལ་བརྒྱར་མི་གཡོ་བརྟན་གྱུར་ཅིག །བདག་ཀྱང་སྐྱེ་བ་མུ་ཏིག་དཀར་པོ་ཚར་དུ་དངར་བའི་ཕྲེང་ཀུན་ཏུ། །རིན་ཆེན་གསུམ་གྱི་མཆོད་སྡོང་ཆེན་པོ་མཛེས་པའི་འཕྱང་འཕྲུལ་ལེགས་འབྲེལ་ནས། །ཁམས་གསུམ་ཡིད་ཅན་རྫོགས་སྨིན་སྦྱངས་པའི་སྨན་ཡོན་སྦྱིན་ནུས་དཔལ་ཐོབ་སྟེ། །འཕགས་ཆེན་རྣམས་ཀྱི་སྨོན་ལམ་རྒྱ་མཚོའི་བཞེད་ལྷག་མ་ལུས་སྐོང་ནུས་ཤོག །སྣ་ཚོགས་ཆོས་རྣམས་གཉིས་མེད་དབྱིངས་སུ་རོ་མཉམ་ཉིད་དུ་འཁྱིལ་བ་དང་། །འདུས་བྱས་ཆོས་ཀུན་རྒྱུ་རྐྱེན་ལ་བལྟོས་རྟེན་འབྱུང་ནམ་ཡང་བསླུ་མིན་དང་། །བདག་གི་དྲི་བྲལ་སྟོན་ཟླ་གསར་ལྟའི་ལྷག་བསམ་རྣམ་པར་དག་པ་ཡི། །བདེན་གང་གིས་ནི་སྨོན་པའི་གནས་ཀུན་གེགས་མེད་ཡོངས་སུ་རྫོགས་གྱུར་ཅིག །བཀྲ་ཤིས་དང་པོ་རྐང་གཉིས་གཙོ་མཆོག་སྒྲིབ་བྲལ་ཉིན་བྱེད་གཞོན་ནུའི་དཔལ། །བཀྲ་ཤིས་གཉིས་པ་ལུང་རྟོགས་ཆགས་བྲལ་པདྨ་དཀར་པོ་དགའ་བའི་ཚལ། །བཀྲ་ཤིས་གསུམ་པ་འཕགས་ཚོགས་འདུས་པ་ཚོགས་གཉིས་ནོར་བུ་འབྱུང་བའི་གནས། །བཀྲ་ཤིས་བཞི་པ་ཀུན་འདུས་བླ་མས་དེ་དག་སྲིད་མཐར་གནས་གྱུར་ཅིག །
​        ཅེས་སྤར་ཡིག་བྲི་མཁན་སྔོན་འདྲིས་མཆེད་པོ། མཁྱེན་དཔྱོད་མཁའ་ལྟར་ཡངས་པ། སྔགས་འཆང་དཔལ་མཁར་རྒྱལ་གྱིས། དར་དཀར་དྲི་མེད་བཅས་སྤར་བྱང་སྨོན་ཚིག་ཕྲིས་ཤིག་ཅེས་པའི་གསུང་ནན་ལྡོག་ཏུ་མ་ནུས་པར། སྐྱབས་རྗེ་དམ་པ་མཆོག་གི་བཀའ་དྲིན་གྱིས་འཚོ་བའི། འབངས་ཐ་རྨོངས་རྟུལ་བྷུ་སུ་ཀུ་བ། འབྲུག་ལོའི་སྤྲུལ་མིང་འཛིན་པ་ཁྱི་ལ་སེངྒེ་འབོད་པའི་དཔེ་ལྟར་སོང་བ། འཇིགས་མེད་པདྨ་མཐུ་སྟོབས་རྡོ་རྗེ་ཚེ་དབང་རོལ་བ་རྩལ་གྱིས། རང་གི་བསྟི་གནས་ཉི་འོད་འཁྱིལ་བར་བྲིས་པ་འདིས་ཀྱང་འགྲོ་རྒྱུད་དཀར་པོོའི་བསམ་པ་རིན་པོ་ཆེ་འཁྲུངས་པའི་རྒྱུར་གྱུར་ཅིག་གུ། དགེའོ། །དགེའོ། །དགེའོ། །བཀྲ་ཤིས། མངྒ་ལཾ། །

47.2K