༄༅།།སྤྲང་པོ་རྣམས་ལ་ཉེ་བར་མཁོ་བའི་ཇོ་མགུར་རྒྱུ་འབྲས་གསལ་བའི་མེ་ལོང་བཞུགས་སོ།།

མཁན་ཆེན་འཇིགས་མེད་ཕུན་ཚོགས།

ན་མོ་གུ་ར་ཝེ། ལྷ་རྒྱལ་བ་རྒྱ་མཚོའི་སྙིང་རྗེའི་གཟུགས། །རྗེ་སྤྱན་རས་གཟིགས་དབང་བྱིན་རླབས་ཅན། །མ་ཉམ་ཐག་འཁོར་བའི་སེམས་ཅན་རྣམས། །ཞིང་པོ་ཏ་ལ་རུ་འདྲེན་པར་ཞུ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གསོན་གྲང་ངར་ཁམས་ཀྱི་སེམས་ཅན་ཚོའི། །སྡུག་འཁོར་བའི་འདུག་ཆས་བར་མེད་སྒྲུབ། །ཆོས་དགེ་བ་གལ་ཆུང་ཞོར་ལ་ལུས། །ཤི་བར་དོ་མཐོང་དུས་སྙིང་རྩ་འདར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཁྱོད་ཆོས་པར་རློམ་པའི་བླ་སེར་རྣམས། །གཞི་བསླབ་གསུམ་ཡོན་ཏན་མི་བཞུགས་པར། །རྫས་དད་གཤིན་དཀོར་ཟས་གསོལ་ཆེ་ན། །ལུས་ཤ་ཁྲག་རིན་གྱིས་འཇལ་ཐབས་དཀའ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔  དགོན་གྲྭ་མང་དབུས་བཞུགས་བླ་ཆེན་ཚོ། །ཆོས་ལུང་རྟོགས་ཉམས་བཞེས་མི་མཛད་པར། །དཔོན་ཆེན་པོའི་ལད་མོ་ལེན་དྲགས་ན། །རང་གཅིག་པུར་འཁྱམས་དུས་ཐུགས་རེ་འགྱོད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གཏམ་བསླུ་བྲིད་མཁས་པའི་གཏེར་རྫུན་ཚོ། །ཚིག་ངག་འཁྱལ་གཏེེར་ཆོས་ཡིན་མདོག་བྱས། །འཁོར་བླུན་རྨོངས་ལོག་ལམ་འཁྲིད་ཆེ་ན། །གཤིན་ཆོས་རྒྱལ་བཀའ་ཁྲིམས་ཇི་ལྟར་བཟོད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གཞུང་རབ་འབྱམས་འཆད་པའི་སློབ་གཉེར་མཁན། །ཆོས་ཐམས་ཅད་གདམས་པར་མ་ཤེས་ནས། །སེམས་ཆགས་སྡང་དགག་གཞག་གནང་མང་ན། །ལྕེ་དམྱལ་ཁམས་ཞིང་ས་བྱེད་ངེས་རེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གོས་སྣ་གཉིས་གསོལ་བའི་བན་ཁྲམ་རྣམས། །དུས་དེང་སང་སྐྱ་སེེར་གཉིས་གོ་ཆོད། །ཚོང་ཁེ་སྤོགས་ཐུགས་ཀྱི་རྒྱན་དུ་འཆང་། །གནས་ཡི་དྭགས་ཡུལ་ལ་འགྲོ་ཆས་འགྲུབ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔  སྟག་ཤར་ལོ་སྣང་བ་བྱུང་རྒྱལ་མཁན། །ཁྱོད་ཉེས་མེད་རི་དྭགས་སྲོག་ལན་ལ། །ལུས་ལྕགས་བསྲེགས་སྟེང་དུ་འཛེར་བུས་བསྡམས། །མཚོན་རྣོན་པོས་ལན་བརྒྱར་གཅོད་ངེས་རེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དྲིན་ཆེ་བའི་ཉམ་ཐག་སྒོ་ནོར་རྣམས། །ཉེས་ཆེ་བའི་བཙོན་པ་བཞིན་མནར་ན། །ཚེ་ལྔ་བརྒྱར་ཉེས་ལན་རང་ལ་འཁོར། །དམའ་དམྱལ་བའི་གཏིང་རྡོ་ལོས་ཀྱང་བྱེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཚེ་སྔོན་གྱི་ཕ་མ་དགྲ་རུ་བཟུང་། །གནོད་ལན་ཆགས་འཁོར་བའི་བུ་ཚ་ལ། །སྙིང་དམར་པོ་བཞིན་དུ་བསྐྱངས་བསྐྱངས་ནས། །ཚེ་ཕྱི་མར་རང་སྡུག་རང་གིས་ཉོས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔  སྐྱབས་བླ་སེར་མང་པོའི་ཐུགས་རྒྱུད་དཀྲུགས། །གཟའ་ཚེ་རོགས་ཚེ་གང་སྡུག་ལ་སྦྱར། །ཡུལ་སྡེ་བ་ཡོད་ཚད་དགྲ་རུ་བཟུང་། །འཆི་རན་དུས་ཤར་ལོ་ཡི་རེ་མུག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གོང་དཔོན་པོའི་བཞེད་དོན་བསྒྲུབས་བསྒྲུབས་ནས། །ལྷ་བླ་མར་གསོལ་འདེབས་ཡེང་ལ་བོར། །དུས་རྒྱུན་དུ་དགྲ་འདུལ་གཉེན་སྐྱོང་གིས། །ཆོས་སྣ་གཅིག་མ་འགྲུབ་སྙིང་རེ་རྗེ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྨན་བོ་ལོ་འཕྱོར་ཡག་ལྡེམ་འགྲོས་མཁན། །དྲིན་ཕ་མ་ཁྱི་ལྡོམ་བཞིན་དུ་བསྐྱུར། །དོན་མེད་པའི་ཁྱིམ་ཚང་གཡོག་ལ་བརྩིན། །བློ་ཡག་ཉེས་ཇི་འདྲ་བསམ་བློ་ཐོངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཡུལ་སྡེ་བ་མཁའ་དབྱེན་གཏམ་གྱིས་དཀྲུགས། །རྒྱུ་སྦྱིན་གཏོང་མི་བྱེད་མེད་ཚིག་འདོན། །ཟ་མ་བྲ་ཚེ་གཅིག་བསགས་པའི་ནོར། །འཆིའི་ནངས་མོ་ཁབ་གཅིག་འཁྱེར་དབང་མེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གོང་བླ་སེར་རྣམས་ལ་སྐུར་བ་བཏབ། །ཆོས་མི་འགྲུབ་བུ་ཚའི་ཞབས་ཕྱིས་གཡེངས། །སང་དམྱལ་བའི་ཁྲོ་ཆུ་བླུད་དུས་སུ། །སེམས་འགྱོད་པས་ཟིན་ཀྱང་འཕྱི་བར་འདུག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རེ་ཆེ་བའི་སྒོ་ཁྱི་བྲན་གཡོག་ལ། །ཟས་ཞིམ་པོས་བྱམས་སྐྱོང་སྣ་གཅིག་མེད། །ཚིག་རྩུབ་མོས་ཡི་མུག་མང་པོ་བསྐྱེད། །དཔེ་རང་ལ་བླངས་ན་ཇི་འདྲ་རེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལུས་འོ་ཞོ་སྦྱིན་པའི་སྒོ་ནོར་ལ། །ལྐུག་དམོད་མོས་ཡི་ཆད་མཆི་མ་བསྐྱེད། །རྡུང་གཅོད་ཀྱིས་སྡུག་ལ་སྦྱར་སྦྱར་ནས། །གནས་ངུ་འབོད་གྲོང་དུ་ཐོན་རན་གདའ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དུས་དེང་སང་རང་དབང་ཡོད་དུས་འདིར། །དོན་དགེ་སྒྲུབ་སྡིག་སྤང་མ་བྱས་ན། །གཟོད་དམྱལ་བའི་སྡུག་བསྔལ་མྱོང་དུས་སུ། །ཆོས་མི་ཤེས་ཤེས་ཀྱང་སྒྲུབ་དབང་མེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འོག་དམྱལ་བ་ཟེར་བའི་ཡུལ་ཁམས་ན། །ས་ཡོད་ཚད་མེ་འབར་ལྕགས་སྲེག་རེད། །རྩྭ་མི་འདུག་མཚོན་ཆའི་ཚལ་ཆེན་ལ། །འདམ་རོ་རུལ་མི་ཟན་སྲིན་བུས་གང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལུས་ཐག་པས་བསྡམས་ནས་མེ་ནང་སྲེག །མཚོན་རྣོན་པོས་ཡང་བཅད་ཡང་སོས་ནས། །ལོ་དུང་ཕྱུར་མང་པོ་སོང་ན་ཡང་། །ཐར་མི་སྲིད་ལྕགས་མཁར་ནང་དུ་བཅུག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཡང་རེས་འགའ་ཁྲོ་ཆུའི་ནང་དུ་འཚེད། །ཤ་རུས་པ་འཐོར་ཡང་འཆི་མི་སྲིད། །སླར་སོས་ཚེ་ཐོ་ལུམ་འབར་བས་བསྣུན། །སེམས་འགྱོད་པའི་སྡུག་བསྔལ་དེ་བས་ཆེ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རི་ཆེན་པོ་སྲོག་ཆགས་མགོ་ཅན་གྱིས། །ལུས་ཞོ་ལྟར་བཅོམ་དང་སོག་རྣོན་པོས། །ལུས་རྐང་གི་བར་དུ་དྲ་གཏུབ་བྱེད། །སྡུག་དཔག་མེད་དེ་འདྲ་ཡོད་རབས་ཡོད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔  ཤི་བར་དོའི་ཡུལ་ལ་འཁྱམས་ཙ་ན། །བུ་བཙན་པོས་འཐབ་ཡ་མི་ལོན་གི། །ཁ་བདེ་མོས་བཤད་ས་ལོན་ནི་མིན། །ཐོབ་མཐོ་རུང་བརྩི་བཀུར་ཆེ་རབས་མེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འཁོར་བུ་ཚ་མང་ཡང་ཁྲིད་མི་ཆོག །གོས་དྲོན་པོ་ཡོད་ཀྱང་གྱོན་དབང་མེད། །ཟས་ཞིམ་པོ་བསགས་རུང་ཟ་དབང་མེད། །གཟུགས་ཡག་རུང་བྲིན་སྒོ་ཡོད་ལེ་མིན། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔  ཆོས་དགེ་བ་སྒྲུབ་མཁན་ངོ་རེ་ཆེ། །རྒྱུ་མཆོད་སྦྱིན་བྱས་ཚད་རང་ལ་དབང་། །སེམས་བསམ་པ་བཟང་ན་སྐྱིད་པོ་ཡོད། །ལྷ་བླ་མར་དད་ན་དེ་དུས་འདྲེན། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཁྱེད་འདིེར་ཚོགས་སྐྱེ་བོ་ཕོ་མོ་རྣམས། །ད་མ་འདུག་དགེ་ཆོས་སྒྲུབ་རེ་རན། །རྒྱུ་མ་གསོག་སྦྱིན་གཏོང་ཕྱོགས་མེད་ཐོངས། །ངའི་དྲང་གཏམ་ཐུགས་ལ་འཛིན་པར་ཞུ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔  དུས་ད་ནས་བྱང་ཆུབ་མ་ཐོབ་བར། །ཕ་དྲིན་ཆེན་བླ་མའི་བཀའ་བཞིན་སྒྲུབས། །མ་ཉམ་ཐག་དོན་ལས་མི་གཡེལ་བར། །ལྷ་སྤྱན་རས་གཟིགས་དང་མཉམ་པར་ཤོག །མི་དགོས་དགུ་དགོས་འཇམ་དཔལ་མཁྱེན་རབ་ངོར། །མི་བསུབ་དགུ་བསུབ་ལཀྵཾ་ཀ་ར་དེས། །མི་ཡུལ་འཁྱམས་པ་སྤྲང་པོའི་རྗེས་འབྲངས་ཏེ། །མི་མེད་ཉམ་ངའི་ཐང་དུ་ཤར་མར་བྲིས། །དགེའོ། །དགེའོ། །མངྒ་ལཾ། །  ། །

47.2K