༄༅། །སྙིགས་དུས་ཀྱི་ལུང་བསྟན་དཔལ་ལྡན་བཀྲ་ཤིས་ཀྱིས་སྤར་བ་བཞུགས།

བླ་ཆེན་ཕལ་ཆེར་ཆོས་ཁྲིམས་མི་སྡོམ་པར། །དཔོན་ངན་བཞིན་དུ་ཡུལ་གྲུ་མནར་བའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །དཔོན་ཆེན་ཕལ་ཆེར་ཇག་ཁྲིམས་མི་སྡོམ་པར། །ཇག་པ་རྐུན་མིའི་ཁ་འཛིན་བྱེད་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །སློབ་དཔོན་ཕལ་ཆེར་སློབ་མ་མི་སྐྱོང་བར། །རྟ་ནོར་ལུག་གསུམ་སུ་རྒྱུག་སྐྱོང་བའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །མཁན་པོ་ཕལ་ཆེར་ནོར་བདུན་མི་འཚོལ་བར། །གསེར་དངུལ་དར་ཟབ་ནོམ་པ་འཚོལ་བའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །དགེ་བཤེས་ཕལ་ཆེར་དགེ་ལ་མི་བརྩོན་པར། །སྡིག་པའི་ཁ་འགོ་ཇག་དམག་འགྱེད་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །དགེ་སློང་ཕལ་ཆེར་ཆོས་གོས་མི་གྱོན་པར། །ལྭ་བ་ཤམ་གྱོན་ཁེ་སྤོགས་འགྲན་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །སྒོམ་པ་ཕལ་ཆེར་བྱ་བ་མི་གཏོང་བར། །བྱ་བ་མང་པོའི་སྣ་ནས་སྡོད་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །ཁྱིམ་པ་ཕལ་ཆེར་གསོག་རུམ་མི་བྱེད་པར། །བྱ་བཏང་བཞིན་དུ་ཅི་ཡོང་བྱེད་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །བནྡེ་ཕལ་ཆེར་ཁྱིམ་ནས་མི་འབྱིན་པར། །ཁྱིམ་པ་བཞིན་དུ་གསོག་རུམ་ཆེ་བའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །བོན་པོ་ཕལ་ཆེར་ལྷ་གཡང་མི་འབོད་པར། །འདྲེ་ངན་འབོད་ཅིང་ཡོན་མཆོད་བརླག་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །སྔགས་པ་ཕལ་ཆེར་ལྷ་བསྙེན་མི་བྱེད་པར། །གཏོར་ཁ་ཡས་མཆུ་འདྲེ་ངན་བརླག་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །སྐྱེ་བོ་ཕལ་ཆེར་ཆོས་ལ་མི་དད་པར། །སྡིག་ལ་ཁ་འཆམ་གཞོག་རྒྱུག་བྱེད་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །གཞོན་ནུ་ཕལ་ཆེར་ཕ་ཁ་མི་ལེན་པར། །རང་འདོད་འཁྲི་བས་རང་ནོར་སྐྱེལ་བའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །བུ་མོ་ཕལ་ཆེར་མ་ཁ་མི་ལེན་པར། །མ་རབས་སྤྱོད་པས་གྱོད་གཞི་འབྲེ་བའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །རྒན་རྒོན་ཕལ་ཆེར་རང་ཚོད་མི་ཟིན་པར། །བུ་དང་ཚ་བོ་གྱོད་ལ་གཏུགས་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །རྩིས་པ་ཕལ་ཆེར་རྩིས་ལུང་མི་སྨྲ་བར། །ཚོད་ཚོད་འདང་རྒྱག་ཁ་དམར་འདོགས་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །མོ་པ་ཕལ་ཆེར་དཔེ་ལུང་མི་བྱེད་པར། །རང་འདོད་ལུང་བསྟན་སྡིག་ལ་འབག་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །བཤད་གྲྭ་ཕལ་ཆེར་ཐོས་བསམ་མི་གཉེར་བར། །དོན་མེད་རིམ་གྲོ་གཏོར་ཟོར་འཕེན་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །སྒོམ་གྲྭ་ཕལ་ཆེར་ཏིང་འཛིན་མི་སྒོམ་པར། །ཆགས་སྡང་རཱུ་ཏྲ་ངན་སྔགས་སྒོམ་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །བཀའ་རམས་ཕལ་ཆེར་ཉམས་ཁྲིད་མི་སྐྱོང་བར། །ཚུལ་འཆོས་བློ་ཡིས་ཡོན་བདག་འབྲིད་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །ཆོས་མཛད་ཕལ་ཆེར་ཆོས་བཞིན་མི་སྤྱོད་པར། །འཇིག་རྟེན་ལུགས་བཞིན་ངོ་དགའ་ཆེ་བའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །དགེ་བསྙེན་ཕལ་ཆེར་སྐྱབས་གསུམ་མི་འཛིན་པར། །ཀླུ་ཁང་ནང་དུ་ཕྱག་མཆོད་འབུལ་བའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །བླ་མ་དཔོན་པོ་སྐྱབས་གནས་མི་བསྟེན་པར། །འདྲེ་ངན་གཞི་བདག་མང་པོ་བརྟེན་པའི་དུས། །དུས་ཀྱི་ཐ་མ་ཡིན་ནོ་སྔགས་འཆང་ཀུན། །འདི་དུས་རྫོགས་ཆེན་སྙིང་པོའི་དོན་ལ་ལྟོས། །རྫོགས་ཆེན་གནས་ལུགས་ཟབ་མོ་སྒོམ་ནུས་ན། །ལྷ་མེད་འདྲེ་མེད་དགྲ་མེད་གཉེན་ཡང་མེད། །བཏང་སྙོམས་ཆེན་པོའི་ས་ལ་གནས་བཅས་ནས། །དགྲ་གཉེན་བར་མའི་འགྲོ་བ་མཐའ་དག་ལ། །བཟང་ངན་བླང་དོར་རིས་སུ་མི་དམིགས་པས། །སྙིགས་མའི་དུས་འདིར་རང་མགོ་ཐོན་པར་འགྱུར། །དུས་ཀྱི་ཐ་མ་དུག་ལྔ་ཧྲགས་པའི་དུས། །དུག་ལྔ་ཐུག་འཇོམས་རྫོགས་པ་ཆེན་པོ་ཟབ། །འཁོར་འདས་གཉིས་མེད་རང་རིག་སེམས་ལ་རྫོགས། །སེམས་ཉིད་མ་བཅོས་ཡེ་ནས་རྫོགས་སངས་རྒྱས། །དེ་ཉིད་རྟོགས་པའི་ཐབས་ནི་རྫོགས་ཆེན་གྱི། །ཉམས་ལེན་ཡིན་པས་རྒྱུན་དུ་སྐྱོང་བ་གཅེས། །གཉིས་སྣང་བག་ཆགས་ཚིག་གི་ཕ་མཐའ་ཡས། །གཉིས་མེད་དོན་གྱི་གདམས་པ་འདི་ལགས་སོ། །གསལ་སྟོང་ཟུང་འཇུག་འོད་གསལ་ཆེན་པོ་འདི། །གསལ་བར་མཐོང་བས་ཆད་པའི་མཐའ་ལས་གྲོལ། །སྟོང་པར་རྟོགས་པས་རྟག་པའི་མཐའ་ལས་གྲོལ། །རྟག་ཆད་གཉིས་སྤངས་དོན་གྱི་ཡེ་ཤེས་ལགས། །ཐབས་ཤེས་ཟུང་འཇུག་བདེ་གཤེགས་ཟུང་དུ་འཇུག །སྣང་སྟོང་ཟུང་འཇུག་གྲགས་སྟོང་ཟུང་དུ་འཇུག །རིག་སྟོང་ཟུང་འཇུག་ཟུང་འཇུག་ཆེན་པོ་སྟེ། །ཟུང་འཇུག་རང་གྲོལ་ཡེ་ཤེས་ཆོས་ཀྱི་སྐུ། །ངོ་བོ་སྐྱེ་མེད་ཆོས་སྐུ་དེ་བཞིན་ཉིད། །རང་བཞིན་འགག་མེད་ལོངས་སྐུ་ཀུན་ཏུ་སྣང་། །ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུ་ཅིར་ཡང་སྟོན། །སྐྱེ་འགག་གཉིས་མེད་ངོ་བོ་ཉིད་ཀྱི་སྐུ། །སངས་རྒྱས་ཡོན་ཏན་ཡིད་བཞིན་ནོར་བུ་ལྟར། །ཚད་མེད་འཕྲིན་ལས་འགྲོ་བའི་རྒྱུད་ལ་འཇུག །འགྲོ་བའི་གཉིས་སྣང་བག་ཆགས་ཀུན་སྤངས་ནས། །སྤངས་རྟོགས་མཐར་ཕྱིན་རྫོགས་པའི་སངས་རྒྱས་སོ། །དེ་ལྟར་རྫོགས་ཆེན་གནས་ལུགས་མཐོང་བ་དང་། །གཞི་དེའི་སྟེང་ནས་དེ་ལྟར་མ་རྟོགས་པའི། །འགྲོ་བ་ཀུན་ལ་ཕན་པའི་ལྷག་བསམ་གྱིས། །བྱམས་སོགས་ཚད་མེད་བཞི་ཡིས་ལེགས་དྲངས་པའི། །རྒྱལ་སྲས་སྤྱོད་པའི་ཆོས་ཚུལ་ཇི་སྙེད་ཅིག །སྒྱུ་མ་རྨི་ལམ་ལྟ་བུར་ལེགས་སྤྱད་ནས། །དངོས་བརྒྱུད་འགྲོ་བ་འཁོར་བ་མཐའ་ཅན་དུ། །བྱེད་པའི་རྟེན་འབྲེལ་ཟབ་མོ་བསྒྲིགས་འཚལ་ལོ། ། ཞེས་མིང་རང་བཞིན་གྱིས་སྟོང་པའི་གདུག་ཅན་མེ་མོ་སྦྲུལ་གྱི་ལོ་ལ་ཆོས་རང་བཞིན་གྱིས་སྟོང་པའི་ཆོས་ལུགས་སྣ་ཚོགས་བརྩད་པའི་ཚེ་རྫོགས་ཆེན་རང་བཞིན་གྱིས་སྟོང་པའི་རྫོགས་ཆེན་པ་ཞིག་གིས་ཡེ་གེ་རང་བཞིན་གྱིས་སྟོང་པའི་ཡིག་ལམ་དུ་ཕབ་པའོ། །སྟོང་པའང་རང་བཞིན་གྱིས་སྟོང་པའི་རྟེན་འབྲེལ་པ་རྟེན་འབྲེལ་རང་བཞིན་གྱིས་སྟོང་པའི་མིང་དང་ཆོས་དང་། རྫོགས་ཆེན་དང་ཡི་གེ་སྡེ་རང་བཞིན་གྱིས་སྟོང་པའི་རྟེན་འབྲེལ་རྣམས་པ་བཞི་ཙམ་ཤར་བ་འདི་ལེགས་སམ། སྤྲོས་བྲལ་ཡིན་ཕྱིར་སྤྲོས་པས་ཆོག་གོ། །དེ་ལྟར་ན་རྩོམ་པ་པོའི་གང་ཟག་ནི་ཐུགས་ལས་ཐོགས་པས་མིང་དངོས་གཞི་ནི་དངོས་སུ་མ་སྨྲས་སོ། །དགེའོ། །

47.2K