༄༅། །བྷོ་ཊའི་ཡུལ་གྱི་ཆོས་འབྱུང་དཔག་བསམ་སྡོང་པོ་ཞེས་བྱ་བ།

ཨོཾ་སྭ་སྟི། རྒྱ་གར་འཕགས་པའི་ཡུལ་དབུས་ནས། །བོད་དུ་བྱུང་བའི་ཆོས་ཚུལ་ལ། །སྔ་དར་ཕྱི་དར་གཉིས་སུ་གྲགས། །རྙིང་མ་པ་དང་ས་སྐྱ་པ། །བཀའ་གདམས་པ་དང་བཀའ་བརྒྱུད་པ། །འདི་ལས་གྱེས་པ་མང་དུ་བྱུང་། །ཕྱིས་འབྱུང་རི་བོ་དགའ་ལྡན་པའི། །ཆོས་ཀྱི་ཕུགས་ཀྱང་འདི་གར་ཐུག །དཔེར་ན་དཔག་བསམ་ལྗོན་ཤིང་གི། །རྩ་བ་ཡན་ལག་ཕྱོགས་མཚམས་སུ། །སོ་སོར་གྱེས་ལས་གང་འདོད་ཀྱི། །འབྲས་བུ་ལེན་པ་ཇི་བཞིན་ཏེ། །ལ་ལས་ཟས་དང་ལ་ལས་གོས། །འཁོར་གྲོགས་ལོངས་སྤྱོད་གནས་མལ་སོགས། །གང་ཡང་སྒོ་གསུམ་འཚོ་བ་ལ། །དམིགས་སུ་དབྱེ་བ་གཞན་མེད་བཞིན། །གནས་སྐབས་གདུལ་བྱའི་སྣང་ངོ་ལས། །མཐར་ཐུག་བགྲོད་པ་གཅིག་པའི་ལམ། །བླ་མ་སོ་སོའི་དགོངས་བཞེད་ཀྱིས། །རྗེས་འཇུག་སློབ་མའི་ཉམས་ལེན་ཡང་། །གཅིག་ཆར་བ་དང་ཐོད་རྒལ་བ། །རིམ་གྱིས་པ་དང་གསུམ་དུ་བྱུང་། །གང་ཡང་གནས་སྐབས་རང་རང་གི། །བློ་དང་འཚམ་པར་བདེ་བ་དང་། །མྱུར་དང་གོལ་བ་མེད་པ་ཡིས། །མཐར་ཐུག་འབྲས་བུ་གཏན་ལ་འབེབས། །དྲོད་རྟགས་དངོས་ཉམས་རྨི་ལམ་བཞིན། །གཅིག་ཆར་ཐོད་རྒལ་རིམ་གྱིས་སོགས། །གང་ཡང་མྱོང་བ་མཐར་སོན་ཚེ། །དོན་གཉིས་འབད་མེད་ལྷུན་གྲུབ་པོ། །དེ་ཕྱིར་ཆོས་ལུགས་མང་ན་ཡང་། །གནས་སྐབས་ལག་ཏུ་བླང་བདེ་ཞིང་། །མཐར་ཐུག་གོལ་ས་མ་མཆིས་པའི། །ལུགས་སྲོལ་དག་ལ་ལེགས་ཞུགས་ནས། །རང་གཞན་དོན་གཉིས་བསྒྲུབ་པའི་ཐབས། །སྣ་ཚོགས་ལས་འདི་ཁོ་བོས་འདོད། །འདི་ཉིད་མ་མཐོང་མ་རྟོགས་པས། །ངེད་ཀྱི་བླ་མ་སངས་རྒྱས་ཞེས། །གཉིས་སུ་མེད་ནའང་གཉིས་སུ་འཛིན། །གཉིས་འཛིན་སྒྲོག་གིས་བཅིངས་པ་འདི། །འཁོར་འདས་གཉིས་སུ་ཕྱེ་དུས་ནས། །འགྲོ་བ་ཀུན་ལ་བྱུང་བས་ན། །ད་ལྟ་སྒྲོག་རང་བརྡོལ་ན་ལེགས། །སྒྲོག་ལས་གྲོལ་ན་མྱང་འདས་ཟེར། །མ་གྲོལ་འཁོར་བར་འཁྱམས་ཞེས་གྲགས། །འོན་ཀྱང་འཁོར་འདས་གཉིས་པོ་ལ། །གཉིས་སུ་མེད་པས་དབྱེར་མེད་དོ། །འདི་ཉིད་སྣང་སྟོང་དབྱེར་མེད་ཀྱི། །ལམ་ལ་གནས་པའི་རྣལ་འབྱོར་པའི། །ཁྱད་ཆོས་ཡིན་གྱི་གཞན་དག་ལ། །སྒྱུ་མ་ལྟ་བུའི་ཆོས་ལུགས་སྟོན། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །གདོད་ནས་མ་སྐྱེས་རྣམ་པར་དག །ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་དང་། །ཁམས་གསུམ་འཁོར་བའི་སེམས་ཅན་གཉིས། །ཆོས་ཀྱི་དབྱིངས་སུ་དགོངས་པ་མཉམ། །དོན་འདི་མར་གྱུར་འགྲོ་བ་ཡིས། །མྱུར་དུ་རྟོགས་ནས་གྲོལ་བ་དང་། །དམིགས་མེད་སྙིང་རྗེས་རྒྱུད་གང་ཤོག །ཐེག་མཆོག་བསྟན་འཛིན་དུ་མ་ཡིས། །ཐེག་པའི་དབྱེ་བ་བཤད་པའི་ཚེ། །ཐེག་པ་དམན་ལས་ལོག་བྱས་ཏེ། །ཐེག་པ་ཆེ་ལ་འཇུག་པར་སྨོན། །དགའ་བ་བཅུ་དྲུག་མཚོན་རིམ་དཔེས། །རྟོག་པ་བཅུ་དྲུག་རབ་སྤྲོས་ནས། །ཚིག་རྐང་བཅུ་དྲུག་བགྱིས་པ་འདི། །སྟོང་ཉིད་བཅུ་དྲུག་རྟོགས་ཕྱིར་ཡིན། ། ཞེས་པའང་དམ་པའི་ཆོས་གསར་རྙིང་གཉིས་པོ་གང་ཟབ་ཀྱི་དྲི་རྟོག་ལ་བསྙད་ནས་ཚོད་བགམ་པ་བྱུང་བའི་ཚེ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས་སྦྱར་བ་མངྒ་ལཾ།

47.2K