༄༅། །སྐྱབས་རྗེ་དམ་པ་དུ་མའི་ཞལ་ལུང་ཞིམ་མངར་བདུད་རྩིའི་ཟེགས་མ་ཞེས་བྱ་བ་བཞུགས་སོ། །

༄༅། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞབས་ཀྱི་པདྨོ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འདིར་ལུས་ངག་ཡིད་གསུམ་གྱིས་དགེ་བ་རྒྱ་ཆེ་ཆུང་གང་བསྒྲུབས་ཀྱང་དམ་པ་གསུམ་གྱིས་ཟིན་པ་ནི་མེད་དུ་མི་རུང་ཞིང་གནད་ཤིན་ཏུ་ཆེ་བས། ཐོག་མར་དགེ་རྩ་ཐབས་ཀྱིས་ཟིན་པར་བྱེད་པ་སྦྱོར་བ་སེམས་བསྐྱེད་དམ་པ་ནི། འོ་ནམ་མཁའ་དང་མཉམ་པའི་འགྲོ་བ་སེམས་ཅན་འདི་རྣམས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་དུས་ལན་གཅིག་མ་ཡིན་པར་ཡང་དང་ཡང་དུ་དྲིན་ཚད་མེད་པས་བསྐྱངས་པའི་དྲིན་ཅན་གྱི་ཕ་མ་ཤ་སྟག་ཡིན་ལ། མ་དྲིན་ཅན་དེ་དག་ད་ལྟ་འཁོར་བ་སྡུག་བསྔ་ལ་གྱི་རྒྱ་མཚོ་ཆེན་པོར་བདེ་བའི་རྒྱུ་འབྲས་ཀྱིས་ཕོངས་ཤིང་སྡུག་བསྔལ་གྱི་རྒྱུ་འབྲས་ལ་ཁོར་མོ་ཡུག་ཏུ་སྤྱོད་པས་དུས་ནམ་ཡང་བདེ་བ་དང་ཐར་པའི་གོ་སྐབས་མེད་པར་ལམ་ལོག་མགོ་རྨོངས་སུ་གྱུར་པ་ལོང་པ་བཤེས་མེད་ཐང་སྟོང་དུ་འཁྱམས་པ་ལྟ་བུའི་མགོན་མེད་སྐྱབས་བྲལ་གྱི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། བདག་གིས་སེམས་ཅན་དེ་ཀུན་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་དང་བཅས་པ་བྲལ་ནས། གཏན་གྱི་བདེ་བ་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་ཉིད་དུ་འཐོབ་པར་བྱ། དེའི་ཆེད་དུ་སྒོ་གསུམ་དགེ་ལ་སྦྱར་ནས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་འདི་དག་ཉམས་སུ་བླང་བར་བགྱིའོ་སྙམ་པ་དེ་ཡིན། བར་དུ་དགེ་བའི་རྩ་བ་རྐྱེན་གྱིས་མི་བཤིགས་པ་དངོས་གཞི་དམིགས་མེད་དམ་པ་ནི། སྣོད་བཅུད་དག་མཉམ་ཆེན་པོའི་རང་བཞིན་དུ་ཡེ་ནས་གནས་པ་དེ་ཉིད་ཀྱི་ཡིན་ལུགས་ཤེས་པའི་ངང་ནས་ཆོས་བྱེད་པ་པོ་བདག་དང་། བྱ་རྒྱུའི་ཆོས། བྱ་བའི་ལས་དང་བཅས་པ་དམིགས་མེད་ཁྱབ་གདལ་དུ་ཐག་ཆོད་པ་དེ་ཡིན། འོན་ཀྱང་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བའི་ཉམས་ལེན་ཤེས་པ་ཞིག་ཡིན་ན་རང་གི་ཉམས་ལེན་སྐྱོང་བ་དེས་མཐུས། དེ་ལྟ་བུའི་ཟབ་དོན་གྱི་སྒོ་མ་མཐོང་བའི་ལས་དང་པོ་བའི་གང་ཟག་རྣམས་ཀྱིས། སྔོན་སོང་ཕྱིར་འོང་མེད་པའི་བག་ཆགས་སྣ་ཚོགས་ཀྱི་རྗེས་དཔྱད་པ། མ་འོངས་ཐོག་ཁེལ་མི་འབྱུང་བའི་རེ་དོགས་ཆགས་སྡང་གི་མདུན་བསུ། ད་ལྟ་དུག་ལྔ་རང་དགར་སོང་ནས་ཡུལ་དྲུག་རྐྱེན་དབང་དུ་ཤོར་བ་འདི་གསུམ་སྤངས་ནས་བླང་དོར་གྱི་གནས་རྣམས་མི་བརྗེད་པའི་དྲན་པ་དང་། སྒོ་གསུམ་གནས་སྐབས་ཅིར་འགྱུར་བརྟགས་ནས་འཇུག་པའི་ཤེས་བཞིན། འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པའི་བག་ཡོད་དང་ལྡན་པའི་ངང་ནས་རང་རྒྱུད་དགེ་བའི་ལམ་ལས་གཞན་དུ་མ་ཡེངས་པར། ཡུལ་དམ་པ་བསླུ་མེད་བླ་མ་དང་དཀོན་མཆོག་གསུམ་ལ་ཡིད་ཁྱེད་ཤེས་ཀྱི་དད་པ་ནམ་མཁའི་མཐས་གཏུགས་པའི་འགྲོ་བ་སེམས་ཅན་ལ་ཕན་འདོད་ཀྱི་ལྷག་བསམ་དང་ལྡན་པའི་ངང་ནས་དགེ་བ་མཐར་ཕྱིན་པར་བྱེད་དངོས་གཞི་དོད་ཐུབ་ཙམ་དུ་རུང་ངོ་། །ཐ་མ་དགེ་བའི་རྩ་བ་མི་ཉམས་ཤིང་གོང་འཕེལ་དུ་འགྲོ་བར་བྱེད་པ་རྗེས་ལ་བསྔོ་བ་དམ་པ་ནི། བདག་གི་དགེ་བའི་རྩ་བ་འདིས་མཚོན་ཏེ་བདག་གཞན་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་རྣམ་དཀར་དགེ་བའི་ཕུང་པོ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡུམས་ཏེ་བསྡོམས་ནས་ད་ལྟའི་ལུས་སྲོག་བསྐྱེད་པའི་དྲིན་ཅན་གྱི་ཕ་མ་གཉིས་དང་བཟང་ངན་གྱི་འབྲེལ་བ་ཐོགས་ཚད་གཙོ་བོར་བྱས་ཏེ་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་རྒྱུར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་དགེ་ཚོགས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ། དེ་ལྟར་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །སྙམ་པ་དེ་ཡིན། དེ་ལྟར་དགེ་སྦྱོར་ཐམས་ཅད་ཀྱི་ཐོག་མར་དོན་གཉིས་ལྡན་པའི་སེམས་བསྐྱེད། དངོས་གཞི་བྱ་བྱེད་ལས་གསུམ་གྱི་དམིགས་པ་དང་བྲལ་བ་རྗེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པས། འཁོར་གསུམ་ཡོངས་དག་གི་བསྔོ་བ་རྗེས་མཐུན་པ་སྟེ་དམ་པ་གསུམ་གྱིས་ཟིན་པའི་དགེ་བ་ནི་ཐར་པ་ཆ་མཐུན་ཞེས་དགེ་རྩ་རྒྱ་ཆེ་ཆུང་གང་རུང་བསྒྲུབ་ནའང་འབྲས་བུ་ཆེ་བ་རྫོགས་བྱང་ཐོབ་བྱེད་ཀྱི་རྒྱུ་དང་རྒྱུན་རིང་པོ་དེ་མ་ཐོབ་ཀྱི་ཚེ་རབས་རྣམས་སུ་ལྷ་མིའི་བདེ་འབྲས་ལན་གྲངས་དུ་མར་སྨིན་ལ།  དེ་ལྟར་དམ་པ་གསུམ་གྱིས་མ་ཟིན་པའི་དགེ་བ་ནི་ཟག་བཅས་བསོད་ནམས་ཆ་མཐུན་ཞེས་དགེ་རྩ་རྒྱ་ཆེན་པོ་ཞིག་བསྒྲུབས་ཀྱང་འབྲས་བུ་ལྷ་མིའི་བདེ་འབྲས་ཕུན་སུམ་ཚོགས་པ་ཙམ་ཐོབ་ནས་དེ་ཉིད་ཀྱང་མྱོང་སྟོབས་ཀྱིས་ཟད་པར་འགྱུར་བའི་ཚུལ། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་གསུངས་པས། ཚེགས་ཆུང་ལ་དོན་ཆེན་པོ་དང་ལྡན་པའི་མན་ངག་གི་ཟབ་གནད་འདི་གསུམ་དོན་སྤྱི་ཙམ་དུ་མ་གཞག་པར་ཡིད་དང་འདྲེས་ངེས་ཤིག་བྱོས་ལ་ཉམས་ལེན་མཛོད། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་རྒྱུ་དཔེ་གྲངས་གསུམ་གང་ལ་བསམ་ཀྱང་ཡང་ཡང་རྙེད་པར་དཀའ་བས། ད་རེས་ལན་གཅིག་ཐོབ་པ་ཆུད་ཟོས་སུ་མ་བཏང་བར་སྙིང་པོ་དམ་པའི་ལྷ་ཆོས་ཀྱིས་ལོངས། སྤྱིར་འདུས་བྱས་མི་རྟག་པ་ལ་བསམ་ནས་ཆོས་ལ་བརྩོན་འགྲུས་བསྐྱེད། ཁྱད་པར་ནམ་འཆི་ཆ་མེད་དང་འཆི་རྐྱེན་ངེས་མེད་སོམ་ལ་བསམ་པའི་མཐའ་རྒྱ་མ་བསྐྱེད་པར་བློ་སྣ་བཙན་ཐབས་སུ་བསྟུངས། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས་སྐྱོ་ཤས་དང་ངེས་འབྱུང་བསྐྱེད། བདེ་སྡུག་གི་སྣང་བ་ཐམས་ཅད་སྔོན་གྱི་ལས་ལས་འབྱུང་བས་ལས་འབྲས་བསླུ་མེད་ལ་ཡིད་ཆེས་ཀྱི་ངེས་པ་འདྲོངས། མདོར་ན་དུས་དང་གནས་སྐབས་ཐམས་ཅད་དུ་རང་རྒྱུད་ལ་ལེགས་པར་བརྟག་དཔྱད་བྱས་ནས་དགེ་བའི་རྣམ་རྟོག་རེ་སྐྱེས་ན་དགའ་བ་བསྒོམས་ནས་དགེ་ཚོགས་གོང་འཕེལ་ལ་བརྩོན། མི་དགེ་བའི་རྣམ་རྟོག་རེ་སྐྱེས་ན་དེ་མ་ཐག་ཏུ་ཉེས་དམིགས་གལ་བསམ་ནས་གདོང་བཟློག་བྱ། དེ་ལྟར་བླང་དོར་མ་བྱས་ན། ཚེ་མཇུག་འདི་ལའང་ལས་ཀྱི་མཐའ་ཅིར་འགྱུར་ཤེས་དཀའ། ཚེ་འདི་ལས་ཕྱི་མ་ཡུན་རིང་བས་ཚེ་འདིའི་ཆེད་དུ་ཕྱི་མ་རྒྱང་དུ་མ་འབོར། འདུན་མ་ལེགས་ཉེས་ཀྱི་ས་མཚམས་ཚེ་མཇུག་འདི་ལ་ཐུག་ཡོད་པས། བག་ཡངས་སོས་དལ་དུ་མ་བསྡད་པར་རང་རྒྱུད་ཆོས་ཀྱིས་ཨེ་ཐུལ་ལྟོས། སྐྱབས་གནས་ཐམས་ཅད་བླ་མ་ལ་མ་འདུས་པ་མེད་པས་དེ་ལ་བཅོས་མིན་གྱི་མོས་གུས་བྱས་ན་བྱིན་རླབས་བཙན་ཐབས་སུ་འཕོ་བའི་གནད་ཡོད་པས་རྟག་ཏུ་ཉམས་ལེན་གྱི་མཐིལ་དུ་ཟུངས། སྐྱིད་ན་བླ་མའི་ཐུགས་རྗེ་རུ་ཤེས་པས་དད་པས་གསོལ་འདེབས་བྱ་བ་ལས་རང་མཐོང་གི་ང་རྒྱལ་མི་བྱ། སྡུག་ན་སྔོན་བསགས་ཀྱི་ལས་ངན་བླ་མའི་ཐུགས་རྗེའི་མཐུས་ཕྱི་མ་ངན་སོང་དུ་མ་བཞག་པར་ཚེ་འདིར་སྨིན་པ་ཡིན་སྙམ་དུ་དགའ་བས་དང་དུ་བླངས་ནས་བདེ་སྡུག་གཏོང་ལེན་བྱ། ཡིད་ཆེས་ཀྱི་དད་པ་ནི་དཀར་པ་དགེ་བའི་ལོ་ཏོག་བསྐྱེད་པའི་ཞིང་ས་ལྟ་བུ་ཡིན་པས་རྒན་མོ་ཁྱི་སོས་སངས་རྒྱས་ཟེར་བའང་དད་པའི་མཐུར་ངེས་པས་དེ་ལ་ནན་ཏན་བྱ། ཆོས་གཅིག་བསམ་ན་ཆོས་ཀུན་ལག་རྩེར་སོན་པའི་འགྲོ་ཀུན་སྡུག་བསྔལ་དང་འབྲལ་འདོད་ཀྱི་སྙིང་རྗེ་ཡིན་པས་བརྩོན་པས་ཉམས་སུ་ལོངས། བསམ་པ་བཟང་པོ་འདོད་འབྱུང་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པས་དགྲ་གཉེན་མེད་པར་རྒྱུད་ལ་སྐྱེས་ན་བསམ་པའི་དོན་ཐམས་ཅད་མི་འགྲུབ་མི་སྲིད་ཅིང་། སྲས་བཅས་རྒྱལ་བའི་གཤེགས་ཤུལ་ཡིན་པས་གལ་ཆུང་ངུར་མི་བལྟ་སྔོན་ཆད་བདག་སེམས་ཀྱི་དབང་དུ་གྱུར་ནས་ཁམས་གསུམ་འཁོར་བར་འཁྱམས། ད་སེམས་བདག་གི་དབང་དུ་བྱས་ནས་འདུལ་བའི་ཐབས་ལ་བརྩོན་དགོས། དགེ་མི་དགེའི་བྱེད་པོ་སེམས་ཁོ་ནར་ལགས་པས་འདི་ངོ་ཅེ་རེ་འཚོས། ལར་ཆོས་བྱེད་པ་ལའང་སེམས་ཀྱིས་བྱས་པ་ནི་སྟོབས་ཆེ་ཞིང་ལུས་ངག་གིས་བྱས་པ་ནི་སྟོབས་ཆུང་བས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་སེམས་ནི་ཆོས་ཀྱི་རྩ་བར་གསུངས་སོ། །དེས་ན་སེམས་ཀྱི་རྣམ་རྟོག་དགེ་བའི་ཕྱོགས་ལ་བསྒྱུར་པ་འདི་ལ་ཚོང་སོ་ནམ་ཕྱུགས་འཚོ་སྐྱོང་སོགས་ཀྱི་དཀའ་ཚེགས་མེད་པས། མི་སྐྱ་ཕོ་མོ་སོགས་ནས་ཀྱང་འགྲུབ་ངེས་པ་ཞིག་ཡིན་པས་དང་དུ་ལོངས། འཇིག་རྟེན་གྱི་དགྲས་ནི་གནོད་ཚབས་ཆུང་ཞིང་ཚེ་རབས་སྔོན་གྱི་ལས་ངན་འཛད་པའི་གྲོགས་བགྱིད་པས་དེ་ལ་དགྲར་མ་བལྟ། ཉོན་མོངས་པའི་དགྲས་ནི་གནོད་ཡུན་རིང་ལ་གནོད་ཚབས་ཆེ་བས་སྔར་ཡང་ཁམས་གསུམ་འཁོར་བའི་གནས་འདིར་བརླག་ཅིང་། ད་དུང་ཡང་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་འཕེན་པས་འདི་ལ་དགྲར་བལྟ་བ་མ་འཆུགས། བྱ་བའི་ལེགས་ཉེས་འདི་སྔོན་ལས་ཀྱིས་བྱེད་པས་འདི་བྱ་འདི་བྱེད་ཀྱི་བསམ་བློ་མང་པོ་ཐོག་ཁེལ་མི་འབྱུང་བས་རང་ལ་ཟས་གོས་སོགས་ཅི་ཡོད་ཀྱིས་ཆོག་ཤེས་ཀྱིས་ལ་ཁ་རོག་སྡོད། གཞན་གྱི་རྒྱུད་ལ་ཡོན་ཏན་ཡོད་མེད་དང་སྐྱེས་བུ་དམ་པ་སུ་ཡིན་རང་རེས་གོ་དཀའ་བས་ཀུན་ལ་དག་སྣང་སྦྱོངས་ལ་སྒྲོ་སྐུར་དང་བསམ་ངན་སྤོངས། གནོད་སེམས་ཞེ་སྡང་འདིས་ཕ་རོལ་ལ་མི་གནོད། རང་གི་དགེ་ཚོགས་འཇོམས་ཤིང་ཕྱི་མ་དམྱལ་བར་འཕེན་པས་འདི་ལ་རེག་ཕུང་གི་དུག་བཞིན་དུ་འཛེམས། འཇིག་རྟེན་ཚེ་འདིའི་རྙེད་བཀུར་སྙན་གྲགས་སྒྲུབ་པའི་ངང་ལ་འཆི་བ་གློ་བུར་དུ་སླེབས་ན་བསམ་པ་ལ་ཁར་ལུས་ནས་ཕུང་པོ་དུར་ཁྲོད་དུ་བྱ་བྱིའུས་ཟ། དེའི་ཚེ་ཚེ་འདིར་གཉེན་འདུན་གྱི་ཆེད་དུ་བསགས་པའི་སྡིག་དང་རྣམ་སྨིན་ཐམས་ཅད་རང་གི་སྐལ་བར་ཐོབ་ནས། བར་དོར་འཇིགས་སྐྲག་འཁྲུལ་སྣང་གིས་མནར་ཚེ་སྐྱོབ་པ་ནི་དམ་པའི་ཆོས་མ་གཏོགས་མེད་ངེས་པས་ཕྱི་མའི་རྒྱགས་ཕྱེ་རེ་ཚེགས་སུ་ཆུད་པར་གྱིས། མདོར་ན་དགེ་བ་སྟོབས་ཆེན་མ་འགྲུབ་ཀྱང་སྡིག་པ་ཚབས་ཆེན་མ་བསགས། ཚེ་འདིར་རྩེ་བཞིན་དགོད་བཞིན་བྱས་པའི་སྡིག་པའི་ལས་ཀྱིས་ཕྱི་མ་ངན་སོང་དམྱལ་བའི་གནས་ནས་རྣམ་སྨིན་དུ་བཞིན་འདར་བཞིན་ཉམས་སུ་མྱོང་ཚེ་མྱོང་བ་པོ་དེ་ཡང་གཞན་ཞིག་མིན་ཏེ་ད་ལྟའི་བདག་གཅེས་འཛིན་ཅན་མེ་སྟག་ཕྲ་མོ་ཙམ་ཡང་མི་བཟོད་པ་འདི་ཉིད་ཀྱིས་ཉམས་སུ་མྱོང་དགོས་པས་སྡིག་ལ་ཧབ་ཐོབ་མ་བྱེད། དགེ་བའི་ལས་ཆེན་པོ་ལ་འཁུམས་ཆུང་ངུ་ལ་བརྙས་པ་འདི་ནི་རང་ཉིད་ཆོས་སྐལ་ཆད་པའི་འགོང་པོ་སླེབས་པ་ཡིན་པས། ཐིགས་པ་བསགས་པའི་རྒྱ་མཚོའི་དཔེ་ལྟར། ཆུང་ངུ་ལ་མི་བརྙེས་པ་དང་ཆེན་པོ་ལའང་སྙིང་རུས་བསྐྱེད་ནས་གང་འགྲུབ་དེ་སྔར་སྨྲས་པ་ལྟར་དམ་པ་གསུམ་དང་འབྲེལ་བར་ཉམས་སུ་བླང་ན་འདི་བདེ་ཕྱི་སྐྱིད་ཅིག་འོང་ངོ་། །

     ཞེས་པ་འདི་ནི་རང་གི་ཁྲིད་ཞབས་སུ་སྡོད་པའི་མི་སྐྱ་ཕོ་མོ་ཐོས་ཆུང་འགའ་ལ། ཆོས་བྱ་ཚུལ་གྱི་གདམས་ངག་འཁྱེར་བདེ་ཡིད་ལ་འཛིན་རྒྱུ་ཞིག་བྲི་དགོས་ཞེས་བསྐུལ་བ་ལ་བརྟེན་ནས། སྐྱབས་རྗེ་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་རེག་པའི་བསྐལ་པ་བཟང་པོས་ཆོས་ཐོས་པ་མང་ཡང་མྱོང་པ་མེད་པའི༧སྤྲུལ་གཟུགས་ཐ་ཤལ་པ་མཁས་གྲུབ་རྒྱ་མཚོའམ་མིང་གཞན་འཇིགས་མེད་རྡོ་རྗེ་དཔའ་བོར་འབོད་པས་དམ་པའི་ཞལ་ལུང་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ་བྲིས་པས་ཀུན་གྱི་བློ་ཁ་དམ་པའི་ཆོས་ལ་ཕྱོགས་པའི་རྒྱུར་གྱུར་ཅིག།།བཀྲ་ཤིས། དགེའོ། །

47.2K