༄༅། །བཀྲ་ཤིས་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

img_2239

ཨེ་མ་ཧོ། གཡོ་རྩོལ་མེད་པའི་རང་ལུས་ཁང་བཟང་དུ། །བྱིང་རྒོད་མེད་པའི་རིག་པ་རང་གསལ་བའི། །འཕོ་འགྱུར་མེད་པའི་ཆོས་སྐུའི་བཙན་ས་ཟིན། །འདུ་འབྲལ་མེད་པའི་བླ་མའི་བཀྲ་ཤིས་ཤོག །རང་རིག་འཁྲུལ་མེད་གཞི་ཡི་སངས་རྒྱས་དང་། །སྨྲ་བསམ་བརྗོད་མེད་ལམ་གྱི་དམ་པའི་ཆོས། །མི་འགྱུར་འབྲལ་མེད་འབྲས་བུའི་དགེ་འདུན་ཏེ། །དོན་དམ་བསླུ་མེད་མཆོག་གསུམ་བཀྲ་ཤིས་ཤོག །ཡེ་ནས་བཀྲ་ཤིས་ཀུན་ཏུ་བཟང་མོའི་མཁར། །མཁའ་མཉམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཀྲ། །བཀྲ་ཤིས་སྐུ་ཐིག་ཚོམ་བུའི་ཆར་ཆེན་རྣམས། །རྣམ་དག་སེམས་སུ་འབེབས་པའི་བཀྲ་ཤིས་ཤོག །རང་ལུས་ཙིཏྟ་འོད་ལྔའི་གཞལ་ཡས་ཀྱི། །རང་བྱུང་གདོད་མའི་མགོན་པོ་ཀུན་བཟང་ལ། །རང་བབ་གཉུག་མའི་རྒྱུན་གྱིས་གསོལ་བཏབ་ཚེ། །རང་ཞལ་མངོན་སུམ་མཇལ་བའི་བཀྲ་ཤིས་ཤོག །བསླུ་མེད་སློབ་དཔོན་པད་འབྱུང་ཐུགས་ཀྱི་བཅུད། །འཁྲུལ་མེད་ལམ་བཟང་ཨ་ཏིའི་དོན་རྟོགས་ནས། །བསྒོམ་མེད་ཆུ་བོའི་རྒྱུན་གྱི་ཏིང་འཛིན་ལ། །འབྲལ་མེད་རྒྱུན་དུ་གནས་པའི་བཀྲ་ཤིས་ཤོག །ཀ་དག་ཟང་ཐལ་རྟོག་པའི་མཚོན་ཆ་ཡིས། །མ་དག་དུག་ལྔའི་རྣམ་རྟོག་གང་ཤར་ཡང་། །ཡང་དག་ལྟ་བའི་ངང་དུ་བསྒྲལ་ནས་ཀྱང་། །ཡེ་དག་ཡེ་ཤེས་ཆར་བའི་བཀྲ་ཤིས་ཤོག །སྤང་ཐོབ་མེད་པའི་གདོད་མའི་རྒྱལ་ས་རུ། །འགྱུར་མེད་རིག་པས་རྒྱལ་ས་རབ་བཟུང་ནས། །ཁྲེགས་ཆོད་ཐོད་རྒལ་ཟུང་འབྲེལ་ཉམས་ལེན་ལ། །ཉིན་མཚན་ཁོར་ཡུག་འདྲེས་པའི་བཀྲ་ཤིས་ཤོག །སྒོ་གསུམ་འཁྲུལ་འཁོར་རླུང་རིག་གནད་བཅིངས་པས། །སྒྲོན་མ་བཞི་ཡིས་ཉམས་བླངས་དབྱིངས་ནང་དུ། །རིག་པ་ཚུད་དེ་ཐིག་ལེ་གསུམ་སྦྲེལ་ཤར། །ཆོས་ཉིད་མངོན་སུམ་མཐོང་བའི་བཀྲ་ཤིས་ཤོག །དབྱིངས་རིག་སྨིན་མཚམས་བྲལ་ནས་དབང་པོའི་སྒོར། །མངོན་སུམ་གསལ་ཞིང་ཐིག་ལེའི་ནང་དུ་ནི། །རྡོར་སེམས་སྐུ་རྐྱང་འགུལ་འཁྲིག་མེད་པར་གསལ། །ཉམས་སྣང་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །དབྱིངས་ཀྱིས་སྣང་བ་ཐམས་ཅད་རྒྱས་ཐེབས་པས། །ཐིག་ལེའི་ནང་དུ་རྣམ་སྣང་དབྱིངས་ཕྱུག་སོགས། །རིགས་ལྔའི་ཚོམ་བུ་གྲངས་མེད་ཡོངས་ཤར་བའི། །རིག་པ་ཚད་ལ་ཕེབས་པའི་བཀྲ་ཤིས་ཤོག །ཉམས་སྣང་འཕེལ་ཟད་འོད་ཀྱི་ནང་དུ་ནི། །སོར་མོ་ཙམ་སྣང་འཁོར་འདས་འདུ་ཤེས་བྲལ། །འབྱུང་བཞི་ཟང་ཐལ་བགྲོད་ཅིང་མངོན་ཤེས་རྒྱས། །ཆོས་ཉིད་ཟད་སར་འཁྱོལ་བའི་བཀྲ་ཤིས་ཤོག །སྐྱེ་འཇུག་སོགས་ལ་དབང་ཐོབ་རིག་པ་ནི། །བེམ་པོར་བཅུག་པས་སྐད་འབྱིན་འགུལ་བ་དང་། །མཚམས་མེད་ལྔ་སྤྱད་འཚང་རྒྱ་ནུས་པར་བྱེད། །ཡ་མཚན་གྲུབ་རྟགས་སྟོན་པའི་བཀྲ་ཤིས་ཤོག །རྫོགས་ཆེན་མ་རིག་མུན་སེལ་སྒྲོན་མེ་འདི། །འདི་ལྟར་ཚུལ་བཞིན་ཉམས་སུ་བླངས་པའི་ཚེ། །ཚེ་དང་ཆོས་འབྱོར་རྒྱས་ཤིང་འདོད་པའི་དོན། །དོན་རྣམས་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །དམ་ཉམས་འདྲེས་ཁྱེར་བསླེས་བསླད་མ་ཞུགས་པའི། །དམ་ཆོས་མཁའ་འགྲོའི་ཞལ་རླངས་མ་ཡལ་བ། །དམ་ལྡན་རིག་འཛིན་རྣམས་ཀྱིས་ཉམས་བཞེས་ཚེ། །དམ་བཅའ་སྙིང་རུས་བསྐྱེད་པའི་བཀྲ་ཤིས་ཤོག །མ་རིག་ཉོན་མོངས་ཆོས་བརྒྱད་རྒྱང་བསྲིངས་ནས། །མ་རྣམས་དོན་དུ་དམ་ཆོས་བསྒྲུབ་པའི་ཚེ། །མ་དང་མཁའ་འགྲོས་བར་ཆད་ཉེར་འཚེ་ཀུན། །མ་བསྐུལ་ན་ཡང་སྒྲོལ་བའི་བཀྲ་ཤིས་ཤོག །མི་ཚེ་འདི་བཟུང་ཚེ་རབས་ཐམས་ཅད་དུ། །མི་མཐུན་བར་ཆད་མིང་ཙམ་མེད་པ་ཡི། །མི་དམིགས་སྤྲོས་བྲལ་ཀུན་བཟང་དགོངས་བཅུད་ཀྱི། །མི་ཤིགས་སྲུང་བའི་འཁོར་ལོའི་བཀྲ་ཤིས་ཤོག །ཡེ་དག་གནས་ལུགས་ཀ་དག་ཁྲེགས་ཆོད་དབྱིངས། །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོངས་ཤར་ནས། །སླར་ཡང་རང་རིག་ཀུན་བཟང་གཞི་ཐོག་ཏུ། །གཞོན་ནུ་བུམ་སྐུ་བརྙེས་པའི་བཀྲ་ཤིས་ཤོག །ཆོས་སྐུའི་དབྱིངས་ལས་ལོངས་སྤྱོད་རྫོགས་སྐུ་དང་། །གྲངས་མེད་སྤྲུལ་སྐུས་འཁོར་བ་དོང་སྤྲུགས་ནས། །འགྲོ་ཀུན་ཐམས་ཅད་གདོད་མའི་སར་བཀོད་དེ། །འཁོར་བའི་མིང་ཙམ་མེད་པའི་བཀྲ་ཤིས་ཤོག །མ་ནོར་ལམ་བཟང་གསང་ཆེན་རྡོ་རྗེ་ཐེག །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོའི་ཁྲིད། །འཁྲིད་པའི་མཚན་ལྡན་རྩ་བའི་བླ་མའི་སྐུ། །སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་ཤོག །རྒྱལ་དབང་པད་འབྱུང་བི་མ་ལ་སོགས་བཀའ། །བཀའ་གཏེར་ལས་འོངས་སྔ་འགྱུར་གསང་ཆེན་བསྟན། །བསྟན་པའི་སྒོར་ཞུགས་རྡོ་རྗེ་མཆེད་ལྕམ་ཀུན། །ཀུན་ཀྱང་ཞབས་པད་བརྟན་པའི་བཀྲ་ཤིས་ཤོག །གཏེར་སྟོན་བདེ་ཆེན་རྒྱལ་པོས་སྤྱན་དྲངས་པའི། །གཏེར་ཆོས་ཀུན་བཟང་ཐུགས་ཀྱི་ཡང་སྙིང་འདི། །གཏེར་ཁ་བརྡོལ་ལྟར་གང་ཞིག་སྲིད་མཐའི་བར། །གཏེར་གསར་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །རྒྱལ་བ་ཀུན་གྱི་ཉེ་ལམ་གཅིག་པུ་རུ། །རྒྱལ་བས་ཡོངས་བསྔགས་ཐེག་མཆོག་རྫོགས་པ་ཆེ། །རྒྱལ་དབང་པདྨའི་རིང་ལུགས་རྙིང་མ་པའི། །རྒྱལ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །དམ་པས་བྱིན་བརླབས་དབེན་པའི་རི་སུལ་དུ། །དམ་གཙང་དཔོན་སློབ་མཆེད་གྲོགས་ལྷན་ཅིག་འཛོམས། །ཟབ་གསང་རྫོགས་པ་ཆེན་པོའི་བཤད་སྒྲུབ་ཀྱི། །བསྟན་པའི་རྒྱལ་མཚན་མི་ནུབ་ཚུགས་པར་ཤོག །དམ་པས་བྱིན་བརླབས་དབེན་གནས་གང་བཟང་དུ། །དམ་གཙང་དཔོན་སློབ་འཁོར་དང་བཅས་རྣམས་ཀྱིས། །དམ་པ་གོང་མའི་རྣམ་ཐར་ཇི་བཞིན་དུ། །དམ་ཆོས་ཉམས་སུ་ལེན་པའི་བཀྲ་ཤིས་ཤོག །གངས་རྫ་གཡའ་དང་ནགས་ཚལ་དུར་ཁྲོད་སོགས། །ཡིད་མཐུན་བག་ཕེབས་རི་ཡི་རྒྱུད་བཟང་ཞིང་། །བྱིན་ལྡན་མ་མོ་མཁའ་འགྲོ་འདུ་བའི་གནས། །དུས་ཀུན་རྟག་ཏུ་བསྟེན་པའི་བཀྲ་ཤིས་ཤོག །འདྲེན་མཆོག་ཤཱཀྱའི་བསྟན་པ་རིན་པོ་ཆེ། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ལས་རྒྱས་པའི་བཀྲ་ཤིས་ཤོག །བདག་གཞན་གང་གིས་དམ་ཆོས་བསྒྲུབ་པ་ལ། །ལྷ་ཀླུ་གཞི་བདག་སྡེ་བརྒྱད་འབྱུང་པོའི་ཚོགས། །གནོད་པ་སྐད་ཅིག་ཙམ་ཡང་མི་སྐྱེལ་ཞིང་། །ཅི་བསམ་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་རིན་ཆེན་ཕྲེང་བ་ཞེས་བྱ་བ་འདི་ནི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །

47.2K