༄། །སྔགས་པའི་སྔགས་གླུ་སྡེ་བཞི།

སྔགས་པས་སྔགས་གླུ་སྡེ་བཞི་གསུངས༔ གུ་རུ་པདྨ་འབྱུང་གནས་དང་༔ སྣ་ནམ་རྡོ་རྗེ་བདུད་འཇོམས་དང་༔ མཆིམས་ཀྱི་ཤཱཀྱ་པྲ་བྷ་དང་༔ ཤུད་བུ་དཔལ་གྱི་སེང་གེ་སྟེ༔ ཁོང་བཞིའི་མི་རེས་གླུ་རེ་བླངས༔ ཨུ་རྒྱན་ཆེན་པོས་འདི་སྐད་གསུངས༔ ཧཱུྃ༔ ལྷ་རྡོ་དཀར་པོ་མ་སྒུལ་ཅོག་གེ་ཞོག༔ ལྷ་རྡོ་དཀར་པོ་བསྒུལ་ན་ལྷ་ཡི་བག༔ ཆུ་མིག་གཉན་ཆེན་འདི་མ་དཀྲུག་ཅོག་གེ་ཞོག༔ ཆུ་མིག་གཉན་ཆེན་འདི་དཀྲུགས་ན་ཀླུ་ཡི་བག༔ དུག་སྤྲུལ་ཁྲ་བོ་འདི་མ་གཟུང་ཅོག་གེ་ཞོག༔ དུག་སྦྲུལ་ཁྲ་བོ་འདི་བཟུང་ན་དུག་གི་བག༔ བནྡེ་སྔགས་པ་འདི་མ་སྒུལ་ཅོག་གེ་ཞོག༔ བནྡེ་སྔགས་པ་འདི་བསྒུལ་ན་མཐུ་ཡི་བག༔ དཔལ་གྱི་བསམ་ཡས་འདི་མ་སྒུལ་ཅོག་གེ་ཞོག༔ དཔལ་གྱི་བསམ་ཡས་འདི་བསྒུལ་ན་བསྟན་ནུབ་བག༔ ཅེས་གསུངས་སོ༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་གསུངས་པ༔ ཧཱུྃ༔ མཁའ་ལ་བྱ་འཕུར་ཉམ་མི་ང་༔ མཁའ་ལ་བྱ་འཕུར་ཉམ་ང་ན༔ བྱ་འདབ་གཤོག་རྒྱས་པ་དོན་རེ་ཆུང་༔ ཉ་འཕྱོ་རྦ་ལ་འཕྱོ་བ་ཉམ་མི་ང་༔ ཉ་འཕྱོ་རྦ་ལ་འཕྱོ་བ་ཉམ་ང་ན༔ ཉ་ཆུ་ནང་དུ་སྐྱེས་པ་དོན་རེ་ཆུང་༔ ལྕགས་ཀྱི་ག་རུ་རྡོས་མི་ཆོག༔ ལྕགས་ཀྱི་ག་རུ་རྡོས་ཆོག་ན༔ ལྕགས་ལ་ཞུན་ཐར་བྱས་པ་དོན་རེ་ཆུང་༔ བནྡེ་སྔགས་པ་དགྲས་མི་འཇིག༔ བནྡེ་སྔགས་པ་དགྲས་འཇིག་ན༔ མི་ཚེར་སྒོམ་སྒྲུབ་བྱས་པ་དོན་རེ་ཆུང་༔ ཞེས་གསུངས་སོ༔ མཆིམས་ཤཱཀྱ་པྲ་བྷའི་ཞལ་ནས༔ ཧཱུྃ༔ རིན་ཅེན་གསེར་གྱི་ལྗོན་ཤིང་འདི༔ རྩ་བ་ནག་པོ་ཀླུ་ལ་ཟུག༔ རྩེ་མོ་དགའ་ལྡན་ལྷ་ཡུལ་སླེབས༔ ཡལ་གས་བར་ལམ་མ་སླེབ་ཀྱང་༔ ལོ་འདབ་བོད་ཡུལ་དབུས་སུ་སླེབས༔ གཅན་གཟན་སེངྒེའི་ཕྲུ་གུ་དེ༔ རྩལ་གསུམ་ཚད་དུ་མ་རྫོགས་ཀྱང་༔ སྡེར་ཆགས་ཐམས་ཅད་ཀླད་ནས་འཇོམས༔ འདབ་ཆགས་ཁྱུང་གི་ཕྲུ་གུ་དེ༔ གཤོག་རྩལ་ཚད་དུ་མ་རྫོགས་ཀྱང་༔ འདབ་ཆགས་ཐམས་ཅད་ཀླད་ནས་འཇོམས༔ བནྡེ་སྔགས་པའི་ཕྲུ་གུ་དེ༔ སྒོམ་སྒྲུབ་ཚད་དུ་མ་འཁྱོལ་ཀྱང་༔ དགྲ་བོ་ཐམས་ཅད་ཀླད་ནས་འཇོམས༔ ཞེས་གསུངས་སོ༔ ཤུད་བུ་དཔལ་གྱི་སེངྒེ་དགྲ་ཤི་བ་དགའ་ནས༔ ཕྱག་སྦྲེལ་ནས་དབྱངས་སུ་བླངས་པ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ ཆོས་ཉིད་ངང་དུ་ཚོགས་འཚོགས་ནས༔ དགྲ་དུག་ལྔའི་མགོ་ལ་ཅམ་ཅམ་འཁྲིགས༔ གྲི་དང་མདའ་དང་མདུང་གསུམ་གྱིས༔ སྐྱེས་དར་མའི་མགོ་ལ་ཅམ་ཅམ་འཁྲིགས༔ སྔགས་དང་ཏིང་འཛིན་ཟོར་དང་གསུམ༔ བནྡེ་སྔགས་པའི་ཕྱག་ཏུ་བྲེངས་སེ་བྲེང་༔ དམ་ཉམས་དགྲ་བགེགས་མགོ་ལ་ཆེམ་ཆེམ་འཁྲིགས༔ ཞེས་གསུངས་སོ༔ སྔགས་གླུ་སྡེ་བཞིའི་ལེའུ་སྟེ་གཉིས་པའོ༔

(རྩོམ་འདི་བཀའ་ཐང་སྡེ་ལྔ་ནས་ཁོལ་དུ་ཕྱུང་བའོ། །)

47.2K