༄༅། །རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བའི་སྨོན་ལམ་རིག་འཛིན་མཆོག་གི་བདེ་ལམ་བཞུགས་སོ། །

 ༄༅། །ཨེ་མ་ཧོ། ཀུན་ཁྱབ་བརྡལ་བ་ཆེན་པོ་ཆོས་ཀྱི་དབྱིངས། །ཚད་མེད་ཡེ་ཤེས་སྣང་བ་འབྱམས་ཀླས་པའི། །ཟུང་འཇུག་རྡོ་རྗེའི་རོལ་མོའི་སྤྲིན་བཀོད་པ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །འདི་ནས་ལྷོ་ནུབ་རྔ་ཡབ་སྲིན་པོའི་གླིང་། །འཇིགས་རུང་གྲོང་ཁྱེེར་དུ་མས་བསྐོར་བའི་དབུས། །པདྨ་རཱ་གའི་རི་དབང་ལྷུན་མཐོ་བརྗིད། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །རྩེ་མོ་ཡངས་ཤིང་རྒྱ་ཆེ་ཁོད་སྙོམས་པར། །རང་བྱུང་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །ངོ་མཚར་དཔལ་གྱི་གཞལ་མེད་ཁང་ཆེན་མཛེས། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཟུར་བཞི་ལོགས་བརྒྱད་རབ་མཛེས་ལྕོག་དང་བཅས། །ནོར་བུ་ཆུ་ཤེལ་དང་ནི་བཻཌཱུརྱ། །པད་རག་ཨིནྡྲ་ནི་ལའི་མདངས་འོད་འཚེར། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །སུམ་ཐོག་ཁ་བད་མཐོང་སྐར་ཡངས་པའི་སྒོ། །རྟ་བབ་བཞི་ལྡན་ཆོས་འཁོར་གདུགས་རི་དྭགས། །བྱི་རུའི་སྒོ་གླེགས་གཟི་མཆོང་སྒོ་གཏན་སྤྲས། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །དབུས་ཕྱུར་མར་གད་ར་ག་ཕ་ལམ་སོགས། །རྒྱ་ཕིབ་སུམ་བརྩེགས་མདའ་ཡབ་པུ་ཤུས་བརྒྱན། །ཀུན་སྣང་ནོར་བུའི་འཕྲུལ་ཏོག་ལྷམ་མེར་གསལ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །སྣ་ཚོགས་རིན་ཆེན་དྲྭ་ཕྱེད་འཕྱང་འཕྲུལ་བྲེས། །ཟླ་ཕྱེད་རྡོ་རྗེ་དར་དཔྱངས་རྔ་ཡབ་གཡོ། །རང་བྱུང་ཆོས་ཀྱི་སྒྲ་ལྡན་དྲིལ་གཡེར་འཁྲོལ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །བྱང་ཆུབ་སེམས་དཔའི་སྨོན་ལམ་ནོར་བུའི་སྤྲིན། །ཀུན་ནས་ཡོངས་གཏིབས་བར་སྣང་སྤྲིན་གསེབ་ཏུ། །ཡིད་འོང་ལྷ་ཡི་བུ་དང་བུ་མོས་གང་། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཀུན་ཀྱང་གདུགས་བཟང་རྒྱལ་མཚན་བ་དན་བསྒྲེངས། །སྙན་སྒྲོག་རོལ་མོའི་སྒྲ་དང་བསྟོད་དབྱངས་བཅས། །དྲི་མེད་ཤེལ་བུམ་སྤོས་ཆུའི་ཁྲུས་ཆབ་སྦྲེངས། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཕྱོགས་མཚམས་འཇའ་འོད་ཟེར་ཕྲེང་འཁྲིགས་པའི་གུར། །རབ་མཛེས་མེ་ཏོག་ཆར་ཟིམ་ལྡིང་ཁར་འཁྱིལ། །བདེ་རླུང་དྲི་བཟང་སྤོས་ངད་ཀུན་ཏུ་འཐུལ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །འདོད་ཡོན་སྣམ་བུར་མཆོད་པའི་ལྷ་མོའི་ཚོགས། །སྒེག་བཞད་གླུ་གར་རྣམ་འགྱུར་མཐའ་ཡས་པས། །རབ་འབྱམས་མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤྲོ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །རང་སྣང་ཞིང་གཞན་ཀུན་ཏུ་བསྟི་བ་ཡི། །སངས་རྒྱས་བྱང་སེམས་རིག་འཛིན་མཁའ་འགྲོའི་ཚོགས། །ཞིང་དེར་ཉི་ཟེར་རྡུལ་འཁྲིགས་ལྟ་བུར་གཏིབས། །མཐའ་སྐོར་ཕྱི་ནས་རིམ་བཞིན་ཐོད་པ་དང་། །ལྕགས་བཟང་དངུལ་གསེར་འོད་ལྔའི་ར་བ་སྟེ། །ཁོར་ས་རིམ་པ་བདུན་གྱིས་ཡོངས་སུ་བསྐོར། །ནང་ནས་རིམ་བཞིན་ཁྲུས་རྫིང་ངང་པས་བརྒྱན། །མེ་ཏོག་དོ་རར་རི་དྭགས་བག་ཕེབས་རྩེ། །སྨན་གྱི་སྤང་ལྗོངས་བདུད་རྩིའི་ཆུ་ཀླུང་འབེབས། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ནོར་བུའི་གྲམ་ཐང་གསེར་གྱི་བྱེ་མས་ཁེངས། །རིན་ཆེན་ལྗོན་ཤིང་ལོ་འདབ་འབྲས་བུས་དུད། །སྤྲུལ་པའི་བྱ་ཚོགས་སྙན་པའི་ཆོས་སྒྲ་སྒྲོགས། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཁོར་ས་ཐ་མར་རཀྟའི་ཞམ་ཆུ་འབབས། །ཞིང་ཆེན་ལྷུ་དུམ་འཁྲུགས་པའི་རྦ་རླབས་འཕྱོ། །གཏུམ་རྔམ་བྱ་གཅན་སྣ་ཚོགས་རླུང་ལྟར་འཚུབས། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཕྱི་རོལ་མུན་འོབས་སྲིན་པོའི་སྒོ་སྲུང་ཚོགས། །རྔམས་པའི་གད་རྒྱང་འཇིགས་པའི་མཚོན་ཆ་ཐོགས། །སྐལ་མེད་ཚོགས་རྣམས་རྒྱུ་བའི་གོ་སྐབས་བྲལ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཡོན་ཏན་ལྷུན་གྲུབ་ཕོ་བྲང་དབུས་ཀྱི་ཆར། །རིན་ཆེན་སེང་ཁྲི་འདབ་སྟོང་གེ་སར་ལ། །ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་འོད་དུ་བརྡལ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །དེ་ན་བདག་གི་འདྲེན་པ་ངོ་མཚར་ཅན། །སྐྱབས་གནས་ཀུན་འདུས་སངས་རྒྱས་སྤྲུལ་པའི་སྐུ། །སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་བཞུགས། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །བརྟུལ་ཞུགས་སྤྱོད་འཆང་འཇའ་ལུས་རྡོ་རྗེའི་སྐུ། །མཚན་དཔེའི་དཔལ་འབར་དགྱེས་འཛུམ་ཡེ་རེ་བ། །བརྩེ་བའི་སྤྱན་ཟླུམ་ལྟ་སྟངས་ཧྲིག་གེར་གཟིགས། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །བརྗོད་བྲལ་འགག་མེད་གསུང་མཆོག་ཚངས་པའི་དབྱངས། །ཡན་ལག་དྲུག་ཅུ་རྫོགས་པ་སེང་གེའི་སྒྲ། །ཟབ་ཡངས་བདུད་རྩིའི་ཆོས་སྒྲ་ལྷངས་སེ་ལྷང་། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །རྣམ་པ་མི་རྟོག་སྤྲོས་པ་བྲལ་བའི་ཐུགས། །ཟབ་གསལ་གཉིས་མེད་ཡེ་ཤེས་སྙིང་པོ་ཅན། །མཁྱེན་བརྩེ་ནུས་པས་འགྲོ་ཀུན་བུ་ལྟར་སྐྱོང་། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །གཙོ་བོའི་མཐའ་སྐོར་ཉི་དང་ཟེར་བཞིན་དུ། །ཐོད་ཕྲེང་སྡེ་ལྔ་མཚན་མཆོག་བརྒྱད་ལ་སོགས། །གང་འདུལ་སྒྱུ་འཕྲུལ་བཀོད་པ་ཅིར་ཡང་སྟོན། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །མདུན་གྲལ་གཡས་སུ་རྒྱུ་བོད་རིག་འཛིན་ཚོགས། །ཀློང་ཡངས་བྱ་རྩོལ་བྲལ་བའི་དགོངས་དབྱིངས་སུ། །རྡོ་རྗེའི་མགུར་གླུ་སྦྱོར་སྒྲོལ་བརྟུལ་ཞུགས་སྤྱོད། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །མདུན་གྲལ་གཡོན་དུ་མཆོག་གཟིགས་ལོ་པཎ་རྣམས། །ཟབ་དོན་བགྲོ་གླེང་བསྒྱུར་བཤད་འཆད་ཉན་གྱི། །སོ་སོའི་གསུང་གདངས་མ་འདྲེས་ལྷང་ངེར་གསལ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །གཡས་གྲལ་གཡས་སུ་གཏེར་འབྱིན་གྲུབ་པའི་ཁྱུ། །དགོངས་བརྒྱུད་དོན་སྟོན་ཤོག་སེར་ཆིག་བརྒྱུད་ཀྱི། །བརྡ་འགྲོལ་ངོ་མཚར་འཕྲུལ་གྱི་ཟློས་གར་བསྒྱུར། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །གཡས་གྲལ་གཡོན་དུ་རིག་སྔགས་འཆང་བའི་ཚོགས། །དམོད་པའི་གཡུལ་འགྱེད་ལས་ཀྱི་མདེའུ་ཁ་བསྒྱུར། །འགལ་བྱེད་བདུད་དགྲ་འབྱུང་པོ་ཕྱེ་མར་འཐག །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །གཡོན་གྲལ་གཡས་སུ་རྒྱ་བལ་ཌཱ་ཀིའི་ཚོགས། །བདེ་བའི་ཉམས་རྒྱས་ལང་ཚོའི་བཅུད་ཀྱིས་གང་། །གསང་མཆོག་བདེ་བ་ཆེན་པོའི་འདོད་ཡོན་སྟོབ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །གཡོན་གྲལ་གཡོན་དུ་མོན་བོད་དྷཱ་ཀིའི་ཚོགས། །རྣལ་འབྱོར་མ་དཔལ་རྡོ་རྗེའི་ཟློས་གར་གྱིས། །བདེ་སྟོང་ཚོགས་ཀྱི་འཁོར་ལོའི་འདུ་བར་སྤྱོད། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །གཙོ་མཆོག་མདུན་དུ་དབྱིངས་ཕྱུག་མཚོ་རྒྱལ་ལྕམ། །གུས་པའི་ཉམས་རྫོགས་བདེ་ཆེན་མཆོད་སྤྲིན་སྤྲོ། །སྐལ་ལྡན་རྗེས་འཛིན་དབང་བཞིའི་བརྡ་ཆོས་སྟོན། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཐེག་མཆོག་སྙིང་པོའི་ཀློང་སྒྲོམ་གླེགས་བམ་བརྩེགས། །མདོ་རྒྱུད་མན་ངག་ཆོས་ཀྱི་རང་སྒྲ་ལྡིར། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཁྱམས་ལ་དཔལ་གྱི་ཕོ་ཉ་གིང་ཀ་ར། །ལང་ཀ་འབར་མ་ཕྲ་མེན་གནས་ཉུལ་རྣམས། །ཉམས་པ་སྐྲོད་ཅིང་དམ་ལྡན་བུ་ལྟར་སྐྱོང་། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །སྒོ་བཞིར་རྒྱལ་ཆེན་སྡེ་བཞི་བཀའ་སྡོད་བཅས། །དཀར་ཕྱོགས་སྐྱོང་བའི་སྡེ་དཔུང་ཁྲོམ་དུ་འཚོགས། །བར་ཆད་སྲུང་དང་མཆོད་པའི་སྤྲིན་ཕུང་སྤྲོ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཕྱི་རོལ་སྤྲུལ་པའི་སྲིན་རྒྱལ་ཆེན་པོ་བརྒྱད། །ལེགས་ཉེས་ཤན་འབྱེད་ཁྲིམས་ཀྱི་བརྡ་ཐབས་ཀྱིས། །ཤ་ཟ་སྲིན་པོའི་ཚོགས་རྣམས་ཆོས་ལ་བཙུད། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །བར་ཁང་འོད་ལྔ་འཁྲིགས་པའི་གུར་ཁྱིམ་དུ། །སྙིང་རྗེའི་དབང་ཕྱུག་ལོངས་སྐུ་པདྨའི་སྤྱན། །རབ་འབྱམས་རྩ་གསུམ་ཞིང་རྡུལ་འཁོར་དུ་གཏིབས། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །སྟེང་ཁང་སྟོང་གསལ་ཡེ་ཤེས་ཞིང་གི་དབུས། །གདོད་མའི་མགོན་པོ་ཆོས་སྐུ་འོད་མི་འགྱུར། །རང་རྩལ་རོལ་པའི་འཁོར་ཚོགས་རྒྱ་མཚོས་བསྐོར། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །སྐུ་གསུམ་རྒྱལ་བའི་ཞིང་ཁམས་མ་ལུས་པའི། །ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པའི་དཔལ། །གཅིག་ཏུ་འཁྱིལ་བའི་ངོ་མཚར་སྤྲུལ་པའི་ཞིང་། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །བདག་ནི་ནམ་ཞིག་འཆི་བའི་དུས་ཀྱི་ཚེ། །གནད་གཅོད་སྡུག་བསྔལ་ཕུང་པོའི་ཟུག་རྔུ་བྲལ། །བར་དོའི་འཁྲུལ་སྣང་འཇིགས་སྐྲག་མི་མཐོང་བར། །ཚད་མེད་བདེ་དགའ་སྤྲོ་བས་འཕོ་བར་ཤོག །འཇའ་འོད་དར་ལམ་མེ་ཏོག་སིལ་མའི་ཆར། །འཕན་གདུགས་རྒྱལ་མཚན་སྣ་ཚོགས་རོལ་མོའི་སྒྲ། །འདོད་ཡོན་མཆོད་པའི་བྱེ་བྲག་རབ་ཐོགས་པའི། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུ་ཤོག །ཨ་མ་མཚོ་རྒྱལ་མཐིང་འོད་འབར་མ་ཡིས། །བུ་གཅིག་དཔལ་གྱི་རི་བོར་ད་འགྲོ་ཞེས། །མངོན་གསུམ་ལག་པའི་མཁྲིག་མ་ནས་བཟུང་སྟེ། །པདྨ་འོད་ཀྱི་ཞིང་དེར་འཁྲིད་པར་ཤོག །དེར་ཡང་འཇིགས་པའི་སྒོ་སྲུང་འཕྲང་སོགས་ལ། །ཐེ་ཚོམ་མེད་པར་དཔའ་བོའི་གདེང་ཤུགས་ཀྱིས། །སྐད་ཅིག་མིག་འཕྲུལ་ལྟ་བུར་རབ་བགྲོད་ནས། །ཕ་གཅིག་གུ་རུའི་ཞལ་མཆོག་མཐོང་བར་ཤོག །སེམས་ཀྱི་རིན་ཆེན་ནམ་མཁའ་མཛོད་ཀྱི་གཏེར། །གང་འདོད་ཀུན་ཏུ་བཟང་པོའི་མཆོད་པའི་རྫས། །ཞིང་ཁམས་རྒྱས་པར་འགེངས་པའི་སྤྲིན་སྤྲོས་ཏེ། །ལྷ་ཚོགས་དགྱེས་པ་བསྐྱེད་པའི་མཐུ་ཐོབ་ཤོག །དཔའ་བོ་མཁའ་འགྲོའི་ཚོགས་གྲལ་ལྷན་ཅིག་ཏུ། །ཐེག་མཆོག་བདུད་རྩིའི་དགའ་སྟོན་ལོངས་སྤྱད་ནས། །དཀའ་བ་མེད་པར་རིག་འཛིན་ས་བགྲོད་དེ། །པདྨའི་དགོངས་ཀློང་ཡངས་པར་བྱང་ཆུབ་ཤོག །དེ་ལས་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གར། །རྣམ་མང་འཕྲིན་ལས་རབ་འབྱམས་ཐབས་དུ་མས། །མཁའ་མཐས་གཏུག་པའི་འགྲོ་བ་མ་ལུས་པ། །རྔ་ཡབ་དཔལ་རིའི་གྲོང་དེར་འདྲེན་པར་ཤོག །བདག་ཉིད་མཐོང་ཐོས་དྲན་རེག་སྐྱེ་འགྲོ་ཀུན། །དཔལ་ལྡན་སངས་རྒྱས་པདྨ་ཀ་ར་ཡིས། །ཐུན་མིན་གདུལ་བྱར་བརྩེ་བས་རྗེས་བཟུང་སྟེ། །སྨིན་ཅིང་གྲོལ་བའི་སྐལ་བཟང་མྱུར་ཐོབ་ཤོག །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བྱིན་རླབས་དང་། །ཆོས་ཅན་ཆོས་ཉིད་བདེན་པ་མི་བསླུ་བས། །བདག་གི་ལྷག་བསམ་དག་པའི་སྨོན་ལམ་འདི། །གེགས་མེད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་ཚེ་རབས་ཀུན་ཏུ་མཚོ་སྐྱེས་པདྨ་དགྱེས་པའི་བཀའ་འབངས་སུ་གྱུར་པའི་སྐལ་པ་བཟང་པོ་ཅན་རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དབོ་ཉ་བའི་ཡར་ངོའི་ཚེས་བཅུའི་དུས་ཀྱི་མཆོད་པའི་ཐོག་མོས་པའི་མཐོང་སྣང་ཕྱོགས་གཅིག་གི་རྗེས་སུ་འབྲང་ནས་འདོད་དོན་སྨོན་པའི་ཚིག་ཏུ་སྤེལ་བར་བྱས་པ་སྟེ། འདིས་ཀྱང་འབྲེལ་བཅས་འགྲོ་ཀུན་པདྨ་འོད་ཀྱི་གྲོང་དུ་དབུགས་ཆེན་འབྱིན་པའི་རྒྱུར་གྱུར་ཅིག །།།།

47.2K