༄༅། །རྩ་གསུམ་རྒྱ་མཚོར་སྨན་མཆོད་འབུལ་བའི་ཚུལ་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ག་ཎེ་བྷྱཿ   འདིར་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་བདུད་རྩི་སྨན་མཆོད་འབུལ་བ་ནི། བཀའ་གཏེར་གྱི་གཞུང་སོ་སོའི་སྨན་མཆོད་ཀྱི་རྗེས་སུ་འདི་ལྟར་སྦྱར་རོ། །ཀུན་བཟང་རྡོར་འཆང་རིགས་ལྔ་གངས་ཆེན་མཚོ། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་སོགས། །མཁའ་ཁྱབ་རྒྱལ་བ་དགོངས་པའི་བརྒྱུད་པ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། གསང་བདག་དགའ་རབ་འཇམ་དཔལ་ཤྲཱི་སིཾ། །ཛྙཱ་ན་སཱུ་ཏྲ་མཁས་པ་ཉེར་གཅིག་སོགས། །སེམས་ཀློང་མན་ངག་བརྡ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རིགས་གསུམ་སེམས་དཔའ་རིགས་ཅན་དྲ་མ་ལྔ། །རྒྱལ་པོ་ཛཿདང་བདེ་བ་གསལ་མཛད་སོགས། །རྗེས་སུ་རྣལ་འབྱོར་ཚོམ་བུ་འབུམ་ཕྲག་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། སྒེག་པ་རྡོ་རྗེ་སངས་རྒྱས་གསང་བ་དང་། །ལས་ཀྱི་དབང་མོ་རིག་འཛིན་རྣམ་བརྒྱད་སོགས། །རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་ཆེ་རྣམས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། བྱ་སྤྱོད་རྣལ་འབྱོར་རིག་སྔགས་གྲུབ་པ་དང་། །འཛམ་གླིང་རྒྱན་མཆོག་རྨད་བྱུང་སློབ་དཔོན་བཅས། །ཐུབ་བསྟན་གསལ་བའི་སྒྲོན་མེ་མཆོག་རྣམས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཐོད་ཕྲེང་རྩལ། །མཚན་མཆོག་བརྒྱད་དང་རྣམ་འཕྲུལ་བཅུ་གཉིས་སོགས། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དྲི་མེད་བཤེས་གཉེན་མཁན་ཆེན་བྱང་ཆུབ་སེམས། །ཆོས་རྒྱལ་ཡབ་སྲས་བཻ་རོ་མཚོ་རྒྱལ་སོགས། །སྤྲུལ་པའི་རྗེ་འབངས་ལོ་པཎ་ཚོགས་རྣམས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། སོ་ཟུར་གནུབས་ཉང་གཏེར་སྟོན་རྒྱ་མཚོར་བཅས། །བཀའ་གཏེར་དག་སྣང་ཆོས་ཀྱི་འཁོར་ལོས་སྒྱུར། །དུས་གསུམ་མཁས་གྲུབ་རིམ་པར་བྱོན་རྣམས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཁྱད་པར་སྐྱབས་ཀུན་འདུས་ཞལ་ཡེ་ཤེས་སྐུ། །གདུལ་བྱའི་སྣང་ངོར་བཤེས་གཉེན་མཆོག་གི་ཚུལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྡོ་རྗེ་སེམས་དཔའ་འདུས་པ་སྒྱུ་འཕྲུལ་དྲ། ཁྲག་འཐུང་དཔལ་དགུ་རིགས་ལྔ་རིགས་གསུམ་སོགས། །རྒྱུད་སྡེ་དྲུག་གི་ཡི་དམ་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ལུང་རྟོགས་དམ་པའི་ཆོས་ཀྱི་ངོ་བོ་ཉིད། །ཕྱོགས་དུས་རྒྱལ་དང་དེ་སྲས་སློབ་མར་བཅས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་སྤྲིན་ཆེན་པོར། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། གནས་གསུམ་དཔའ་བོ་དང་ནི་རྣལ་འབྱོར་མ། །རྡོ་རྗེའི་ཆོས་སྲུང་ནོར་ལྷ་གཏེར་གྱི་བདག །འཁོར་འདས་དབྱེར་མེད་རྒྱལ་བའི་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་འབུལ། དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ༔ མཐེབ་སྲིན་ཉི་ཟླའི་གའུ་སྦྱར་བ་ཡིས༔ ལྷ་ཚོགས་དངོས་གྲུབ་བདུད་རྩིའི་འབྲུ་གསུམ་པོ༔ བླངས་ཏེ་རྡོ་རྗེ་ལྕེ་ཡི་ཧཱུྃ་ལས་བརྒྱུད༔ ལུས་ཀུན་གང་བས་ཡེ་ཤེས་རྒྱས་པར་གྱུར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་ཅིང་བདུད་རྩིའི་ཐིག་ལེ་གནས་གསུམ་དུ་རེག་པའི་མཐར་རྡོ་རྗེའི་ལྕེས་མྱོང་བས་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་ཅིང་བརྟན་པར་བསམ་མོ། །ཞེས་པའང་བཀའ་གཏེར་གྱི་ཕྲིན་ལས་སྤྱི་ལ་སྦྱར་ཆོག་པའི་དབང་དུ་བྱས་ཏེ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་སིདྡྷི་པུཥྚིཾ་བྷ་བ་ཏུ།། །།

47.2K