༄༅། །བཛྲ་གུ་རུ་ཉམས་སུ་ལེན་པའི་ཐབས་བཞུགས་སོ། །

རིག་པ་འཛིན་པ་ཚེ་དབང་ནོར་བུ།

༄༅། །བཛྲ་གུ་རུ་ཉམས་སུ་ལེན་པའི་ཐབས་མན་ངག་ཡིད་བཞིན་ནོར་བུ་ཏོག་གི་བློ་གྲོས་ཞེས་བྱ་བ་བཞུགས་སོ། །༄༅། །ན་མོ་གུ་རུ་བཛྲ་མ་ཧཱ་མུ་དྲཱ་ཡ། རྒྱལ་ཀུན་མཚན་དཔེ་གཅིག་ཏུ་འདུས་པའི་དཔྱིད། །རྒྱལ་གསུང་རབ་འབྱམས་རྒྱ་མཚོ་འདུས་ཐིག་ལེ། །རྒྱལ་ཀུན་ཡེ་ཤེས་ངོ་བོ་ཀུན་ཏུ་བཟང་། །རྒྱལ་མཆོག་པདྨ་ཐོད་ཕྲེང་རྩལ་ལ་འདུད། །ཚེ་གཅིག་བྱང་ཆུབ་མཆོག་གི་དོན། །གཅིག་ཆོག་བློ་བདེ་ཟབ་པའི་བཅུད། །བཛྲ་གུ་རུའི་ཉམས་ལེན་ཚུལ། །རང་གི་འདོད་བཞིན་བརྗོད་པར་བྱ། །དེ་ཡང་དལ་འབྱོར་རྙེད་དཀའ་དང་མི་རྟག་འཆི་བ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་རྣམས་ཀྱིས་བློ་རྒྱུད་འཁོལ་ཞིང་འཁོར་བས་དུབ་པ་དང་། མྱང་འདས་ལ་ངེས་པར་འབྱུང་བའི་བསམ་པ་དང་ཁྱད་པར་ལྷག་པའི་བསམ་པ་མི་དམན་པ་སྙིང་ཐག་པ་ནས་སྐྱེ་བ་གལ་ཆེ་ཞིང་། དེ་ནས་རྡོ་རྗེ་ཐེག་པའི་འཇུག་ངོགས་དབང་བསྐུར་གང་རུང་ཞིག་ལེགས་པར་ཐོབ་ཅིང་དེའི་དམ་ཚིག་བཅས་པ་མ་ཉམས་པས་ལམ་ཉམས་སུ་ལེན་པའི་སྙིང་པོ། སྤྱིར་འདུལ་དཀའ་བའི་འགྲོ་བ་མཐའ་དག་དང་། ཁྱད་པར་གདོང་དམར་བོད་ཀྱི་གདུལ་བྱ་རྣམས་ཀྱི་བླ་མ་དང་དཀྱིལ་འཁོར་ལྷའི་ངོ་བོ་ཐ་མི་དད་པ། སངས་རྒྱས་གཟི་བརྗིད་འོད་དཔག་ཏུ་མེད་པའི་ངོ་བོ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ཚུལ་བསྟན་པ་གུ་རུ་པདྨ་འབྱུང་གནས་སུ་ངེས་ཤིང་གྲུབ་ལ། དེའི་སྒྲུབ་ཐབས་ཀྱི་རིམ་པ་བསམ་གྱིས་མི་ཁྱབ་པ་ལས། འདིར་ཚིག་བདུན་གསོལ་འདེབས་ཀྱི་མན་ངག་དང་མཐུན་པར་ཉམས་སུ་ལེན་པའི་ཚུལ་ནི། ཐོག་མར་བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྐྱབས་གནས་དཀོན་མཆོག་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་གུ་རུ་པདྨ་འབྱུང་གནས་ལ་སྐྱབས་སུ་མཆིའོ་སྙམ་ཞིང་ངག་ནས། ཨོཾ་ཨཱཿཧཱུྃ། དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར། །སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་འདི་རྣམས་འཁོར་བའི་སྡུག་བསྔལ་བཟོད་གླགས་མེད་པ་ཉམས་སུ་མྱོང་དགོས་པ་སྙིང་རེ་རྗེ། ཀུན་དྲིན་ཆེ་བ་ཕ་མའི་རང་བཞིན་ཡིན་པས་བདག་གིས་ཅི་ནས་ཀྱང་སངས་རྒྱས་ཀྱི་ས་ལ་འགོད་དགོས། དེའི་ཆེད་དུ་ཡང་ཟབ་བླ་མའི་སྒྲུབ་པ་ལ་འབད་པར་བྱའོ་སྙམ་ནས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །ཡང་གསང་བླ་མ་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་དྲུག་བསྒྲལ་བར་དམ་བཅའ་འོ། །ཞེས་བརྗོད་ཅིང་དབུགས་གཏོང་རྔུབ་དགེ་སྡིག་གཏོང་ལེན་གྱི་དམིགས་པ་ཡང་ཅི་ནུས་བྱའོ། །དེ་ནས་མཁའ་ཁྱབ་རྒྱལ་བའི་དཀྱིལ་འཁོར་ཀུན་གྱི་ངོ་བོ་གུ་རུའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་། དེས་བདག་གི་སྡིག་སྒྲིབ་དག་པར་བསམས་ལ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་ཌཱི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་བརྗོད། བླ་མ་བདུད་རྩིའི་རང་བཞིན་དུ་བདག་ལ་ཐིམ། བདག་གི་མ་དག་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན་བརྟགས་ཀྱི་རྟེན་དང་བརྟེན་པར་བཅས་པ་རྣམས་བདག་མེད་པ་རང་བཞིན་གྱིས་སྟོང་པར་གྱུར། སྟོང་པའི་ངང་ལས་སེམས་ཉིད་ཀྱི་རང་མདངས་གཉུག་མའི་ལུས་ཡི་དམ་ལྷའི་སྐུར་གྱུར། དེ་ཡང་རྒྱུད་སྡེ་བཞི་དྲུག་གི་ཡི་དམ་ལྷ་གང་འདོད་པ་ཞིག་གསལ་གདབ། དེའི་མདུན་གྱི་ནམ་མཁའི་གནས་སམ་ཡན་ལག་ལྔ་ཡི་མཆོག་དང་སྙིང་གའི་དབུས་སོགས་གང་ཡང་རུང་བར། སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་དབྱེར་མ་མཆིས་པ་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པ་སྐུའི་ཆ་ལུགས་སྤྱི་དང་མཐུན་པར་ཚིག་འདིས་གསལ་བཏབ་སྟེ། ཆོས་དབྱིངས་མཁའ་ཁྱབ་ཡེ་ཤེས་འོད་སྣང་དབུས། །སེང་ཁྲི་པདྨ་སྟོང་ལྡན་ཉི་ཟླའི་གདན། །རྒྱལ་ཀུན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སེམས། །པདྨ་འབྱུང་གནས་སངས་རྒྱས་འོད་དཔག་མེད། །སྐུ་མདོག་དཀར་དམར་མཚན་དཔེ་ཡོངས་སུ་རྫོགས། །ཕྱག་གཉིས་རྡོ་རྗེ་ཐོད་པ་ཚེ་བུམ་བསྣམས། །ཁ་ཊྭཱཾ་གྲུ་འཁྱུད་ཞབས་གཉིས་རྡོ་རྗེའི་སྐྱིལ། །གསང་ཕོད་ཆོས་གོས་ཟ་འོག་བེར་ཕྱམ་བཀླུབས། །དབུ་ལ་པད་ཞུ་ཌཱ་ཀིའི་སྤྲིན་ཕུང་གསོལ། །རྒྱན་ཚོགས་བསམ་འཕེལ་ནོར་བུ་དུ་མས་སྤྲས། །གནས་གསུམ་རྡོ་རྗེ་གསུམ་གྱུར་ཨོཾ་ཨཱཿཧཱུྃ། །ལྟེ་བར་ཡེ་ཤེས་རྡོ་རྗེ་ཧྲཱིཿཡིས་མཚན། །དེ་ལྟར་གུ་རུའི་གནས་གསུམ་དང་ལྟེ་བའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་ཏེ། མཁའ་ཁྱབ་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རིག་འཛིན་དཔའ་བོ་མཁའ་འགྲོ་རྣལ་འབྱོར་ཆོས་སྐྱོང་སྲུང་མའི་ཚོགས་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དཔུང་གིས་བྱོན་ཏེ་གུ་རུའི་སྐུ་ལ་ཐིམ་པར་བསམས་ནས་ཚིག་བདུན་གྱིས་གསོལ་བ་གདབ་པ་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གུ་རུ་པདྨ་སིདྡྷི་ཧཱུྃ། །ཞེས་ཚར་གྲངས་ཅི་ལྕོགས་བརྗོད། དེ་ནས་སྐྱབས་ཡུལ་ཀུན་འདུས་གུ་རུའི་དྲུང་དུ་རང་གི་ཡིད་ལས་སྐྱེས་པའི་ཏིང་ངེ་འཛིན་གྱི་མཆོད་པའི་སྤྲིན་གྱིས་ཀུན་ནས་མཆོད་པར་བྱ་སྟེ། དེ་ཡང་། མཁའ་ཁྱབ་ཀུན་བཟང་རོལ་པའི་སྤྲིན་ཕུང་ཉིད། །དགྱེས་མཆོད་སྤྱི་དང་ཁྱད་པར་དམ་ཚིག་རྫས། །བདེ་སྟོང་ཁ་སྦྱོར་རོལ་པའི་མཆོད་པར་བཅས། །ཟབ་གསལ་བདེ་ཆེན་དབྱིངས་སུ་མཆོད་པར་བགྱི། །ཞེས་དང་། ཁྱད་པར་དུ་གདུང་ཤུགས་དྲག་པོ་བསྐྱེད་དེ། བདག་གི་འཁོར་གཉེན་གཅེས་པའི་ལུས་དོན་དབང་། །ཚེ་སྲོག་བསོད་ནམས་དུས་གསུམ་དགེ་ཚོགས་བཅས། །སྐྱབས་གནས་ཀུན་འདུས་གུ་རུ་མཆོག་ལ་འབུལ། །ཐུགས་རྗེས་བརྩེ་བས་ཀུན་ཏུ་བཞེས་སུ་གསོལ། །ཞེས་སྙིང་ཐག་པ་ནས་མཆོད་པར་འབུལ་བ་དང་། ཡང་། གང་ཞིག་མི་བསྲུན་སྤྱི་དང་ཁྱད་པར་དུ། །ཐེག་མཆོག་བསྟན་དང་སྟོན་ལ་སྡང་བ་ཡི། །ལོག་སྲེད་ཅན་ཀུན་བདག་མཐུ་ནུས་པས་འདུལ། །གུ་རུའི་བཀའ་བཞིན་འབངས་སུ་འབུལ་ལོ་བཞེས། །ཞེས་ཕྲིན་ལས་ཀྱི་ཆེད་དུ་སྨོན་ལམ་གྱིས་མཆོད་པར་བྱའོ། །དེ་ནས་མཆོད་རྫས་མཆོད་ཡུལ་ལ་ཐིམ་དགྱེས་ཤིང་ཚིམས་མཆོད་པའི་ལྷ་མོ་རང་ལ་ཐིམ་པས་དངོས་གྲུབ་ཐོབ། མཆོད་པ་མཆོད་ཡུལ་མཆོད་བྱེད་དམིགས་མེད་ཀྱི་ངང་དུ་མཉམ་པར་གཞག །དེ་ནས་སླར་ཡང་གདུང་ཤུགས་ཀྱིས་བླ་མ་ལ་གསོལ་བ་གདབ་པ་ནི། ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ །འགྲོ་བ་ཀུན་གྱི་གཉེན་གཅིག་པོ། །མགོན་མེད་བདག་ལ་ཐུགས་རྗེས་ཟུངས། །བླ་མ་རྡོ་རྗེ་སེམས་དཔའ་ཆེ། །རེ་ཞིང་ལྟོས་པའི་གཉེན་གཅིག་པོ། །བདག་ལ་རེ་ས་གཞན་ན་མེད། །སྡུག་བསྔལ་འདམ་ནས་དྲང་དུ་གསོལ། །རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །ཁྱེད་ལ་བདག་ཉིད་བྲན་དུ་འབུལ། །སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས། །བླ་མེད་མཆོག་གི་དངོས་གྲུབ་སྩོལ། །བླ་མ་སངས་རྒྱས་ཕྲིན་ལས་མཛད། །བདག་ལ་དབང་སྐུར་བྱིན་གྱིས་རློབས། །མཐའ་ཡས་སེམས་ཅན་མ་ལུས་ཀུན། །འདྲེན་པའི་བླ་མར་བདག་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་ཕུར་ཚུགས་ཀྱིས་མཆི་མ་འཁྲུག་འཁྲུག་ཅི་ལྟར་ནུས་པར་གསོལ་བ་གདབ་ཅིང་། དེ་ནས་ཏིང་ངེ་འཛིན་གྱི་དབང་བླང་བ་ནི། གུ་རུའི་སྐུ་ཡི་འབྲུ་བཞིར་འོད་ཟེར་བཞི། །དཀར་དམར་མཐིང་ལྗང་བདག་གནས་བཞིར་ཐིམ་པས། །དབང་ཐོབ་སྒྲིབ་དག་ལམ་འབྱོངས་སྐུ་བཞིར་སྨིན། །གུ་རུ་པདྨའི་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཞེས་པས་དབང་བཞི་ལེན་པའི་དམིགས་པ་ཅི་ནུས་བྱ། དེ་ནས་རྣམ་རྟོག་གཞན་དུ་མ་འདྲེས་པས་ཡིད་ཡུལ་དུ་གུ་རུའི་སྐུ་ལམ་མེར་སྣང་བ་དེ་ལ་རིག་པ་ཧྲིག་གེ་གཏད་བཞིན་པའི་ངང་དུ། ངག་ནས་གཞོམ་མེད་ནཱ་དའི་སྒྲ་དབྱངས་ཀྱི་ངོ་བོ་ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་གཅིག་དྲིལ་ཡིད་བཞིན་ནོར་བུ་ལྟ་བུའི་ཡི་གེ་བཅུ་གཉིས་པ་བཟླ་བར་བྱ་སྟེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་ཅི་ནུས་སུ་བཟླས་པའི་མཐར་གུ་རུ་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་གྱུར་ཏེ་རང་གི་སྙིང་གར་ཐིམ། གུ་རུའི་ཐུགས་ཀྱི་ཡེ་ཤེས་དང་རང་གི་སེམས་ཉིད་དབྱེར་མི་ཕྱེད་པར་གྱུར་ཏེ་སྟོང་གསལ་བདེ་བ་ཆེན་པོའི་ངང་དུ་སེམས་ཅི་གནས་སུ་མཉམ་པར་གཞག །དེ་ལས་ལྡང་ནས། དགེ་བ་འདི་ཡིས་མྱུར་དུ་བདག །གུ་རུ་པདྨ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ཏེ། །སྲིད་ན་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་ཉིད་ཐོབ་ཤོག །ཅེས་བསྔོ་སྨོན་གྱི་རྒྱས་གདབ་ཅིང་སླར་ཡང་སྤྱི་བོའི་གཙུག་གི་ནམ་མཁར་གུ་རུ་ཝལ་གྱིས་སྐད་ཅིག་དྲན་རྫོགས་ཀྱིས་གསལ་གདབ་ཅིང་བདག་གི་རིགས་བདག་གི་ཚུལ་དུ་རྟག་ཏུ་འབྲལ་མེད་དུ་བཞུགས་ཏེ་བྱིན་གྱིས་བརླབ་པར་བསམས་ལ། དེ་ལྟར་བསྐྱེད་རིམ་རང་སེམས་ཀྱི་མདངས་གུ་རུའི་སྐུ་རུ་ལམ་མེར་ཤར་བའི་གསལ་ཆ་དེའི་ངོ་བོ་ལ་ཅེར་གྱིས་བལྟས་པས། དེར་འཛིན་གྱི་ཤེས་པ་རྩིས་གདབ་དང་བྲལ་བ་དུས་གསུམ་རྣམ་རྟོག་གི་སྤྲོས་པས་མ་བསླད་པ་ཝལ་ལེ་སེང་ངེ་བ་དེ་གའི་ངང་དུ། སེམས་ཅི་གནས་མཉམ་གཞག་མུ་མཐུད་ཀྱིན་བསྒོམ་པ་ནི་རྫོགས་རིམ་ཐམས་ཅད་ཀྱི་རྩ་བ་སྟེ་གཉུག་བསྲིངས་ཏེ་བསྒོམས་ན་དགེ་སྦྱོར་ཉིན་མཚན་འཁོར་ཡུག་ཏུ་འཆར་བར་ཡང་འགྱུར་རོ། །གཞན་སྤྱོད་ལམ་ལ་འཇུག་པ་ན་བླ་མར་མོས་གུས་སེམས་ཅན་ལ་སྙིང་རྗེ་མ་ཡེངས་པའི་དྲན་ཤེས་དང་མི་འབྲལ་བར། འགྲོ་བའི་སྐབས་སུ་ཕྲག་པ་གཡས་ཀྱི་ནམ་མཁའ་ལ་གུ་རུ་བཞུགས་ཏེ་དེ་ལ་བསྐོར་བའི་ཚུལ་དང་། ཟས་ཟ་བའི་སྐབས་སུ་མགྲིན་པ་དང། གོས་གོན་པའི་སྐབས་སུ་སྙིང་ཁར་བསྒོམས་ཏེ་དེ་ལ་མཆོད་པར་བསམ་པ་དེས་ཀྱང་ཚོགས་འཁོར་འགྱུར་ཞིང་ཚོགས་བསགས་པ་དང་། གཉིད་ལོག་པའི་སྐབས་སུ་སྨིན་མཚམས་ནས་སྤྱི་གཙུག་དབུ་མའི་ལམ་བརྒྱུད་སྙིང་འོད་ལྔ་སྲབ་དྭངས་ཤེལ་གྱི་བུམ་པ་ལྟ་བུའི་ནང་དུ་བཞུགས་པར་བསམས་ཏེ་གཉིད་ལོག །ནམ་སད་པའི་སྐབས་དྲན་པས་རང་ཟིན་གྱིས་གསལ་རེ་བཏབ་པས་རྨི་ལམ་ངོས་ཟིན་ཅིང་འོད་གསལ་འཆར། ལྡང་བའི་སྐབས་སུ་སྙིང་ཁའི་བླ་མ་དབུ་མའི་ལམ་ནས་ཡར་བྱོན། ཚངས་བུག་ནས་སྤྱི་བོའི་ནམ་མཁའ་ལ་བཞུགས་པར་བསམས་པས་འཕོ་བ་ཡང་ངང་གིས་འབྱོངས་ཤིང་། ནམ་ཞིག་འཆི་བའི་སྐབས་སུ་རིག་པ་མདུང་ཚུགས་དེར་གཏད་པས་འཆི་ཁའི་འཕོ་བ་ཁྱད་པར་འཕགས་པར་འགྱུར་ལ། གཞན་ཡང་ཞི་རྒྱས་དབང་གི་བྱ་བ་མཐའ་དག་མོས་པས་ཁ་བསྒྱུར་ནས་བཛྲ་གུ་རུ་བཟླས་པས་འགྲུབ་ཅིང་། ཁྱད་པར་ཚེ་སྒྲུབ་ལ། སྤྱི་བོའི་གུ་རུའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་། རང་གི་ལུས་མེར་གྱིས་ཁེངས་པར་བསམས་ནས་བཛྲ་གུ་རུ་བཟླས་ཤིང་ཚེ་བསྲིང་བར་གསོལ་བ་གདབ་ན་ཚེ་སྒྲུབ་ཀྱི་མཆོག་དམ་པ་ཡིན་ནོ། །དེ་ལྟར་ཆུ་བོའི་རྒྱུན་བཞིན་ཉམས་སུ་ལེན་ན་རིང་པོར་མི་ཐོགས་པར་གྲོལ་བ་འཐོབ་པར་འགྱུར་ཞིང་། ཉམས་སུ་ལེན་མ་ནུས་པར་ཆོས་ཚུལ་མང་པོ་མཐོང་ཐོས་སུ་གྱུར་ཀྱང་རྒྱ་མཚོའི་འགྲམ་དུ་ཡི་དྭགས་སྐོམ་གྲིར་འཆི་བ་དང་འདྲ་བས། དེས་ན་ཆོས་ཐོས་ཐོས་མང་པོས་ཅི་ཞིག་བྱ་སྟེ་ཉམས་ལེན་ལ་འབད་པ་ཁོ་ན་གལ་ཆེ་བ་དམ་པ་མཆོག་རྣམས་ཀྱིས་མགྲིན་གཅིག་དང་དབྱངས་གཅིག་ཏུ་གསུངས་པས་ཐུན་དྲུག་གི་རྣལ་འབྱོར་སོགས་ཅི་ལྟར་ནུས་པ་འབད་པས་ཉམས་སུ་ལེན་པར་གཅེས་སོ། །འདིར་སྨྲས་པ། དེ་སྐད་དམ་པའི་གདམས་པ་གང་། །རང་གིས་ཅི་ལྟར་ཐོས་གྱུར་ཅིང་། །མོས་པས་ཉམས་སུ་ལེན་ཚུལ་དང་། །བསྟུན་ཏེ་འདི་རུ་མདོ་ཙམ་སྨྲས། །དེ་ཡི་དགེ་ཚོགས་མཆིས་གྱུར་མ་ལུས་ཀུན། །ནམ་མཁའི་མཐའ་ཀླས་འགྲོ་ལ་ཡོངས་བསྔོའི་མཐུས། །ཀུན་ཀྱང་ཀུན་བཟང་པདྨ་ཐོད་ཕྲེང་གི །གོ་འཕང་རིང་མིན་མྱུར་ཐོབ་རྒྱུར་འགྱུར་ཤོག །ཅེས་པ་འདི་ཡང་རིག་པ་འཛིན་པ་ཚེ་དབང་ནོར་བུས་དགའ་དབང་ངམ་མིག་དམར་ཡང་བརྗོད་པ་ཤིང་བྱི་ལོ་ཉི་མ་ལུག་གི་བ་གམ་དུ་རྩེན་པ་ནག་ཟླའི་བཟང་པོ་གཉིས་པ་ལ་ཀོང་ཡུལ་གྱི་ཆ་ཉང་ཁ་གུ་རུའི་གནས་ཆེན་ལྗོན་པ་ལུང་གི་མདོ་ཐོད་མཁར་དགོན་བསམ་གཏན་སྤྱིལ་པོར་སྤེལ་བ་སྟེ་གཞན་ཕན་རྒྱ་ཆེའི་བཙས་སུ་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

རྩོམ་སྒྲིག་པ། གསང་སྔགས་ཐེག་མཆོག་རྡོ་རྗེ།

47.2K