༄༅། །གཡུ་ཐོག་སྙིང་ཐིག་ལས་རྩ་བ་གསུམ་གྱི་མངོན་རྟོགས་རྣམ་གྲོལ་མྱུར་ལམ་བཞུགས་སོ། །

༄༅། །ན་མོ་གུ་ཎ་ནཱ་ཐ་ཡེ། དམ་ཆོས་བདུད་རྩིའི་ཆར་རྒྱུན་གྱིས། །ཉོན་མོངས་ནད་སེལ་སྨན་པ་མཆོག །གང་ལ་བཏུད་ནས་དེ་སྒྲུབ་པའི། །ཆོ་ག་མདོར་བསྡུས་བཤད་པར་བྱ། །འདི་ལ་ཕྱི་ནང་གསང་བ་དང་། །དྲིལ་སྒྲུབ་ཞེས་བྱར་གང་བརྗོད་པ། །བླ་མ་སྒྲུབ་པའི་ཆོ་ག་ཡི། །བྱེ་བྲག་ཡིན་པར་ཤེས་པར་གྱིས། །དེ་བཞིན་མཁའ་འགྲོ་མྱུར་མགྱོགས་སོགས། །ཡི་དམ་ཞི་ཁྲོ་གང་རུང་ངམ། །དེ་ལ་མཁའ་འགྲོའི་འཁོར་བཅས་པར། །སྒྲུབ་པའི་ཐབས་ཚུལ་ཅི་རིགས་ཏེ། །དེས་ན་བསྒྲུབ་བྱའི་ལྷ་ཉིད་ནི། །རྩ་བ་གསུམ་པོ་གང་རུང་ལས། །མེད་ཕྱིར་འདིར་ནི་དེ་དག་ཀུན། །དཀྱིལ་འཁོར་གཅིག་ཏུ་བསྒྲུབ་པ་ལ། །དང་པོ་དབེན་པའི་གནས་ཉིད་དུ། །སྐུ་རྟེན་གྱིས་མཚོན་རྟེན་རྫས་དང་། །མཆོད་རྫས་གང་འབྱོར་བཤམས་པའམ། །ཡང་ན་དེ་དག་དམིགས་པས་བྱ། །ཕྱི་མ་འདི་ལ་བདག་བསྐྱེད་ལས། །མདུན་བསྐྱེད་མེད་པར་ཤེས་བྱ་ཞིང་། །དེ་ཡང་སྤྱོད་ལམ་རྒྱུན་འཁྱེར་གྱི། །རྣལ་འབྱོར་ཁོ་ནའི་དབང་དུ་བྱས། །སྔ་མའི་ཕྱོགས་ལ་ཐུན་མོང་གི། །སྐྱབས་སེམས་དང་ནི་ཚད་མེད་བཞི། །མགྲོན་ལ་གཏོར་མ་སྦྱིན་པ་དང་། །བགེགས་བསྐྲད་མཚམས་གཅོད་སོགས་ཀྱང་དགོས། །དེ་ལྟའི་ལུགས་གཉིས་གང་ཡིན་ཀྱང་། །མདུན་མཁར་ཚོགས་ཞིང་གསལ་བཏབ་སྟེ། །ཐུན་མིན་རང་རྒྱུད་སྦྱོང་བའི་ཐབས། །ཡན་ལག་བརྒྱད་པ་སྔོན་བཏང་ནས། །སླར་ཡང་ཚོགས་ཞིང་རང་ཉིད་ལ། །བསྟིམས་པའི་རྐྱེན་གྱིས་ཆོས་རྣམས་ཀུན། །སྟོང་པ་ཉིད་ཕྱིར་བདག་ཀྱང་ནི། །རང་བཞིན་གྱིས་ནི་དག་ཅེས་བསམ། །དེ་ནས་དེ་ཉིད་གསལ་འདེབས་ཕྱིར། །ཤཱུ་ནྱ་ཏ་ཡི་སྔགས་བརྗོད་ཅིང་། །སྟོང་ཉིད་དོན་དེ་མ་རྟོགས་པའི། །འགྲོ་ལ་སྙིང་རྗེས་ཉེར་བསླངས་ཏེ། །སྟོང་དང་སྙིང་རྗེ་ཟུང་འཇུག་པའི། །རང་རིག་རྒྱུ་ཡི་ས་བོན་དུ། །གྱུར་ལས་འབྱུང་བ་རིམ་བརྩེགས་སོགས། །དཀྱིལ་འཁོར་འཁོར་ལོ་འདི་ལྟར་བསྒོམ། །མ་སྐྱེས་ཆོས་དབྱིངས་ངང་ཉིད་ལས། །དམིགས་མེད་སྙིང་རྗེ་ཆེན་པོའི་རྩལ། །རང་རིག་ཡི་གེ་ཧྲཱི་དམར་པོ། །དེ་ལས་ཨེ་ཡཾ་ར་སུཾ་ཀཾ །རཾ་རྣམས་རིམ་པར་ཆད་པ་ལས། །ནམ་མཁའ་རླུང་དཀྱིལ་རཀྟའི་མཚོ། །ཞིང་ཆེན་ས་གཞི་རུས་པའི་རི། །ཕྱི་རོལ་བསྐལ་པའི་མེ་དཔུང་བཅས། །རབ་འཇིགས་དུར་ཁྲོད་ཆེན་པོའི་དབུས། །སླར་ཡང་ཧྲཱི་ལས་བྷྲུཾ་ཆད་པས། །རིན་ཆེན་ལས་གྲུབ་གཞལ་མེད་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་ཅན། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །དབུས་སུ་པཾ་ལས་པདྨ་ནི། །འདབ་བཞི་ལྟེ་བར་བཅས་པ་ལ། །མ་དང་ཨ་ལས་ཉི་ཟླ་ཡི། །དཀྱིལ་འཁོར་དེ་སྟེང་བདུད་བཞིའི་ཁྲིར། །དབྱིངས་ནས་ཧྲཱིཿཡིག་བབས་པ་ལས། །ཕྱོགས་བཞིར་ཉི་མ་རོ་གདན་ལ། །ཧ་རི་ནི་ས་བཞི་པོ་སྤྲོས། །དེ་དག་རྣམས་ལས་འོད་འཕྲོས་ཏེ། །དོན་གཉིས་བྱས་འདུས་ཡོངས་གྱུར་ལས། །ལྟེ་བར་རྡོ་རྗེ་དང་ནི་གྲི། །འདབ་བཞིར་གྲི་ཁུག་རེ་རེ་སྟེ། །དེ་རྣམས་འོད་དུ་ཞུ་བ་ལས། །དབུས་སུ་རང་ཉིད་རྟ་མཆོག་དཔལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །མཆེ་བ་གཙིགས་ཤིང་སྨིན་མ་འབར། །ཕྱག་གཡས་གྲི་ཁུག་ནམ་མཁར་གདེངས། །གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན། །དབུ་གཙུག་རྟ་ཞལ་རྟ་སྐད་འཚེར། །ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་པའི། །པང་དུ་རྡོ་རྗེ་ཕག་མོ་ནི། །ཁྲོ་འཛུམ་དབུ་སྟེང་ཕག་ཞལ་ངུར། །འོ་འཛིན་དང་ནི་བྷ་ག་རྒྱས། །ཆགས་པའི་ཉམས་ཅན་གྲི་ཐོད་འཛིན། །ཡབ་ཡུམ་མཉམ་པར་སྦྱོར་བའི་སྐུར། །དུར་ཁྲོད་དཔལ་གྱི་ཆས་གསོལ་ཞིང་། །གར་གྱི་ཉམས་དགུས་ཡེ་ཤེས་ཀྱི། །མེ་དཔུང་འབར་བའི་ཀློང་ན་བཞུགས། །མདུན་སོགས་ཕྱོགས་ཀྱི་པད་འདབ་བཞིར། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་ཀྱི་མཁའ་འགྲོ་རྣམ་པ་བཞི། །སྐུ་མདོག་མཐིང་སེར་དམར་ལྗང་ལ། །ཞལ་གཅིག་ཕྱག་གཉིས་གྲི་ཐོད་བསྣམས། །ཕྱག་རྒྱ་ལྔ་ལྡན་གར་སྟབས་སྒྱུར། །གཙོ་བོ་རྟ་ཕག་ཡབ་ཡུམ་གྱི། །སྤྱི་བོར་པདྨ་འདབ་བཞིའི་དབུས། །བླ་མ་སྨན་རྒྱལ་རྡོ་རྗེ་སེམས། །མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་མཉམ་བཞག་ཀ་པཱ་ལ། །ཡེ་ཤེས་བདུད་རྩིས་གང་བ་བསྣམས། །ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་པའི། །པང་དུ་རྡོ་རྗེ་དབྱིངས་ཕྱུག་མ། །སྔོན་མོ་གྲི་ཐོད་འཛིན་པས་འཁྱུད། །ཡབ་ཡུམ་ཁྲོ་འཛུམ་སྒེག་པའི་སྐུར། །དར་དང་རིན་ཆེན་རུས་པས་བརྒྱན། །ཕྱོགས་བཞིར་རིགས་བཞིའི་སྨན་རྒྱལ་ནི། །དཀར་སེར་དམར་ལྗང་རང་རྟགས་ཀྱི། །ཕྱག་མཚན་གཡས་ལ་ཐོད་པ་གཡོན། །རང་རིགས་ཡུམ་དང་མཉམ་སྦྱོར་བའི། །ཆ་ལུགས་གཞན་རྣམས་གཙོ་བོ་དང་། །མཐུན་པར་རང་རང་གདན་ལ་བཞུགས། །དེ་ལྟར་གསལ་བའི་གཙོ་འཁོར་ལྷའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན། །དེ་ལས་འོད་འཕྲོས་འོག་མིན་ནས། །རྒྱལ་ཀུན་སྤྱན་དྲངས་དབྱེར་མེད་ཐིམ། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་དེ་ཝ་ཌཀྐི་ནི་ས་པ་རི་ཝ་ར་བཛྲ་ས་མ་ཡ་ཛཿ སྤྱན་འདྲེན་ནོ། །ཛ་ཧཱུཾ་བྃ་ཧོཿ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་དེ་ཝ་ཌཀྐི་ནི་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། བཞུགས་གསོལ་ལོ། །ཨ་ཏི་བུ་ཧོཿ པྲ་ཏི་ཙ་ཧོཿ ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་དེ་ཝ་ཌཀྐི་ཎི་ས་པ་རི་ཝཱ་ར། ཨརྒཾ། པཏྱཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ གྷནྡྷེ། ནེ་ཝི་ཏེ། ཤཔྟ། རུ་པ། ཤབྟ། གྷནྡྷེ། ར་ས། སྤརྴེ། བོ་དྷི་ཙི་ཏྟ་མ་ཧཱ་སུ་ཁ་ག་ན་གུ་ཧྱ་པུ་ཛ་ཧོཿ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ། མ་ཧཱ་རཀྟ། མ་ཧཱ་བྟ་ལིངྟ་ཁཱ་ཧི་ཁཱ་ཧི། རུ་ཏྲི་སརྦ་མཱ་ར་ཡ་ཁཱ་ཧི། ཏེ་ཏེ་ཧཱུཾ་ཏེ་ན་ཧཱུཾ་ཏི་ཕུ་སྥ་ར་ཎ་ས་མ་ཡ་ཧཱུཾ། དྷརྨ་དྷརྡྷུ་ཨཱ། རང་ལས་སྤྲུལ་པའི་མཆོད་སྤྲིན་གྱིས། །ལྷ་ཚོགས་ཀུན་ལ་དགྱེས་བསྐྱེད་བསམ། །ཨོཾ། དམིགས་མེད་ཆོས་དབྱིངས་དག་པ་ལས། །མ་འགགས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་རྫོགས་པའི་སྐུར་སྣང་བ། །བདེ་གཤེགས་སྨན་རྒྱལ་རིགས་ལྔར་འདུད། །དུས་གསུམ་རྒྱལ་བ་ཀུན་འདུས་པ། །རྩ་བ་གསུམ་གྱི་ལྷ་ཚོགས་ལ། །སྒོ་གསུམ་གུས་པས་མཆོད་ཅིང་བསྟོད། །སྐུ་གསུམ་རང་ངོ་ཤེས་པར་ཤོག །ཅེས་པས་མཆོད་ཅིང་བསྟོད་བྱས་ཏེ། །སླར་ཡང་གསོལ་བ་འདི་ལྟར་གདབ། །ཧོ། རིགས་འདུས་རྒྱལ་བ་རྡོ་རྗེ་སེམས། །རང་རིག་ཆོས་སྐུའི་བླ་མ་ལ། །སྒོ་གསུམ་གུས་པས་གསོལ་བ་འདེབས། །སྐུ་གསུམ་ཐུགས་ཀྱི་དངོས་གྲུབ་སྩོལ། །ཅེས་པས་སྙིང་ནས་གསོལ་འདེབས་ཤིང་། །སྤྱི་དྲིལ་བསྙེན་པ་འདི་ལ་བརྩོན། །ཨོཾ་ཨཱཿབཛྲ་མ་ཧཱ་གུ་རུ་གུ་ཎ་ན་ཐ་སརྦ་སིདྡྷི་ཧཱུཾ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། མུཾ་ལཾ་མཾ་པཱཾ་ཏཾ། ཧྲཱི་མ་ཧ་རི་ནི་ས་ཙིཏྟ་ཧྲིཾ་ཧྲིཾ་སརྦ་སིདྡྷི་ས་མ་ཡ་ཛཿཧཱུཾ་བཾ་ཧོཿ ཞེས་པས་ཐུགས་རྒྱུད་བསྐུལ་བྱས་པས། །བླ་མ་སྨན་རྒྱལ་རིགས་ལྔ་ཡི། །ཐུགས་སྲོག་ལས་འཕྲོས་འོད་ཟེར་གྱིས། །རྒྱལ་ཀུན་མཆོད་ཅིང་བྱིན་རླབས་བསྡུས། །སླར་ཡང་འགྲོ་བའི་ལས་ཉོན་སྦྱངས། །ཚུར་འདུས་སྔགས་ཕྲེང་ལ་ཐིམ་པས། །དེ་ཉིད་བཀྲག་མདངས་འོད་འབར་བར། །གྱུར་ལས་བྱང་སེམས་རྒྱུན་བབས་པ། །སྦྱོར་མཚམས་ནས་ནི་ཡེ་ཤེས་ཀྱི། །སྤྲིན་དུ་གྱུར་ལས་བདུད་རྩིའི་རྒྱུན། །ཆར་བཞིན་བབས་པ་གཙོ་འཁོར་ལྷའི། །སྤྱི་བོ་ནས་ཞུགས་གནས་བཞི་རུ། །བབས་པས་སྒྲིབ་པ་བཞི་དག་ཅིང་། །དགའ་བཞིའི་རིམ་པས་དབང་བཞི་ཐོབ། །སྐུ་བཞིའི་ས་བོན་ཐེབས་པར་བསམ། །གལ་ཏེ་སྤྲོས་པ་ལ་དགའ་ན། །ཏིང་འཛིན་དོ་ལའི་བཟླས་པ་དང་། །ཕྱག་མཚན་ཐོད་པའི་སྦྱོར་བ་ལ། །བབས་པའི་ཚེ་སྒྲུབ་སོགས་ཀྱང་བྱ། །མདོར་ན་དགའ་བ་བཞིས་དྲངས་པའི། །ལྷན་ཅིག་སྐྱེས་པའི་བདེ་ཆེན་ལ། །རྩེ་གཅིག་མཉམ་པར་འཇོག་པ་དང་། །དེ་རུ་ལྷ་སྣང་ཉིད་ཀྱང་བསྡུ། །རྗེས་ལ་མཆོད་བསྟོད་གཏོར་འབུལ་དང་། །བསྔོ་སྨོན་དག་པས་མཚམས་སྦྱར་ནས། །སྣང་གྲགས་རིག་གསུམ་ལྷ་སྔགས་དང་། །ཆོས་ཉིད་ཀྱིས་ནི་རོལ་པར་བལྟ། །དེ་ལྟར་བརྩོན་པས་ཕྱི་ནང་གི། །ཆོས་སུ་སྣང་བ་ལྷར་སྣང་དང་། །མ་དག་ཞེན་པ་ལྷར་ཞེན་དུ། །འཕོས་ནས་རྣམ་སྨིན་རིག་འཛིན་སོགས། །འཕགས་པའི་ས་ལམ་ཀུན་བགྲོད་དེ། །མཐར་ཐུག་བླ་མ་སྨན་རྒྱལ་གྱི། །གོ་འཕང་སྐུ་བཞིའི་བདག་ཉིད་གང་། །ཚེ་འདིར་མངོན་དུ་འཐོབ་པའོ། །ཇི་ལྟར་འདི་ན་བློ་གྲོས་མིག་དང་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་བྲལ། །སྨྲ་བ་ངན་པའི་མཚན་ཉིད་དྲུག་གི་སྨག་རུམ་དང་ཡང་མཛའ་བ་ཉིད། །དེ་སླད་ཁོ་བོས་ལེགས་བཤད་ལམ་བཟང་སྣང་བར་བྱས་པ་ཅི་ཞིག་ཡོད། །འོན་ཏེ་དམ་པའི་གསུང་གི་དམིགས་བུར་བརྩོན་པས་བསྟེན་ཏེ་འདི་བྱས་སོ། །ཚུལ་འདིར་གཞན་ཕན་བསམ་པ་ལས་བྱུང་བའི། །དགེ་བ་ཅུང་ཟད་ཡོད་སྲིད་དེ་ལྟར་ན། །མཐའ་ཡས་འགྲོ་ཀུན་རྣམ་གྲོལ་གདོད་མའི་གཞིར། །བཀྲི་བའི་མྱུར་ལམ་མཆོག་ཏུ་འགྱུར་བར་ཤོག །ཅེས་བླ་སྒྲུབ་སྡུག་བསྔལ་མུན་སེལ་ལས་རྩ་བ་གསུམ་གྱི་མངོན་རྟོགས་རྒྱུན་འཁྱེར་རྣམ་གྲོལ་མྱུར་ལམ་ཞེས་བྱ་བ་འདི་ཡང་། རྣམ་ཀུན་སྙིང་པོའི་སྒྲུབ་པ་ལ་གཅིག་ཏུ་གཞོལ་བའི་རྗེ་བཙུན་བླ་མ་དམ་པ་ཨོ་རྒྱན་འགྲོ་འདུལ་གྱི་ཞལ་སྔ་ནས་ལྷ་རེག་རིན་ཆེན་གཉིས་པའི་འཁོར་ལོ་དང་བཅས་ཏེ་ཇི་ལྟར་བསྐུལ་བའི་བཞེད་པ་སྐོང་ཕྱིར་མདོ་ཁམས་ཀྱི་བཙུན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་སུ་འབོད་པས་དཔལ་ན་ལེན་ཏྲའི་ཆོས་གྲྭར་སྤེལ་བ། །མངྒ་ལཾ། །དགེའོ། །

47.2K