༄༅། །མ་གཅིག་དཔལ་ལྡན་ལྷ་མོའི་སྐོང་བ་འདོད་རྒུའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །

བདུད་འཛོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

ན་མོ་པདྨ་སམྦྷ་ཝ་ཡ། དམ་རྫས་མཆོད་གཏོར་བཤམས་པ་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་སྤེལ་ལ། བྷྱོ། བདེ་ཆེན་སྤྲོས་དང་བྲལ་བའི་ཡེ་ཤེས་དབྱིངས། །ཟུང་འཇུག་སྒྱུ་མའི་ཉམས་བརྒྱར་རོལ་བ་ལས། །བསྟན་སྲུང་ཡོངས་ཀྱི་རྗེ་མོའི་སྐུར་བཞེངས་པ། །དཔལ་ལྡན་ལྷ་མོ་འཁོར་བཅས་ད་ཚུར་བྱོན། །ཏིང་འཛིན་རོལ་མོའི་བཀོད་པ་འབྱམས་ཀླས་པས། །ངོ་མཚར་དགྱེས་རྒུར་འཆར་བའི་འདོད་ཡོན་སྤྲིན། །འཛད་མེད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོས། །མ་གཅིག་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། །ཉེར་སྤྱོད་འདོད་ཡོན་སྨན་རཀ་བདུད་རྩིའི་བཅུད། །བཟའ་བཅའི་གཏོར་མ་དཀར་མངར་གཙང་སྦྱར་སྐྱེམས། །རྨད་བྱུང་སྦྱོར་སྒྲོལ་ཕྱི་ནང་གསང་མཆོད་ཀྱིས། །མ་གཅིག་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། །ནལ་བུའི་ཤ་ཁྲག་རྒྱལ་མཚན་གྲི་རྒོད་སྙིང་། །འཁྲུལ་མེད་སྲོག་གི་འཁོར་ལོ་བླ་རྡོ་སོགས། །མཐུན་ཅིང་བརྟེན་པའི་དམ་རྫས་སྣ་ཚོགས་པས། །མ་གཅིག་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། །གསལ་སྣང་སྒོམ་པ་སྐུ་ཡི་བསྐྱེད་རིམ་དང་། །བཟླས་བརྗོད་སྙིང་པོ་གསུང་གི་གནད་ནས་དྲངས། །རིག་སྟོང་ཀ་དག་ཐུགས་ཀྱི་ལྟ་བ་ཡིས། །མ་གཅིག་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། །རྣམ་པ་འཁོར་འདས་དབང་མོའི་ཚུལ་སྣང་ཡང་། །དོན་དམ་འགྱུར་མེད་ཀུན་བཟང་གདོད་མའི་གཤིས། །ཡེ་ནས་འདུ་འབྲལ་མེད་པའི་དམ་ཚིག་གིས། །ཐུགས་དམ་བདེ་བ་ཆེན་པོར་ཡོངས་བསྐང་ནས། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་ལ། །རྟག་ཏུ་བརྩེར་དགོངས་སྡོང་གྲོགས་མ་གཡེལ་བར། །མངོན་པར་འདོད་པའི་དོན་རྣམས་མ་ལུས་པ། །གེགས་མེད་དུས་འདིར་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་ཐུགས་དམ་བསྐང་ཞིང་ཕྲིན་ལས་ཀྱི་གཉེར་གཏད་པར་བྱའོ། །ཞེས་པའང་རྡོ་རྗེའི་མཆེད་པོ་འགྱུར་མེད་བསྟན་འཛིན་རྡོ་རྗེའི་གསུང་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤར་མར་བྲིས་པ་ཛ་ཡནྟུ། །   ། །

རྩོམ་སྒྲིག་པ། གསང་སྔགས་ཐེག་མཆོག་རྡོ་རྗེ།

47.2K