༄༅། །སྐུ་རྟེན་རྙིང་པ་ཞིག་གསོས་བྱེད་པ་ལ་ཨརྒྷའི་ཆོ་ག་ཇི་ལྟར་བྱ་ཚུལ་བཞུགས་སོ། །

རྩེ་ལེ་སྣ་ཚོགས་རང་གྲོལ།

༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེའི་མངའ་བདག་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། གང་ཞིག་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་རྙིང་པ་ཞིག་གསོས་བགྱི་བར་འདོད་པའི་རིགས་ལ་ཨརྒྷའི་ཆོ་ག་ཇི་ལྟར་བྱ་བའི་ཐབས་ཀྱི་རིམ་པ་ཅུང་ཟད་བསྟན་པར་བྱ་སྟེ། དེ་ཡང་མདོ་རྒྱུད་རྣམས་ལས་རྟེན་ཆུང་བ་ཆེ་རུ་གཏོང་བའམ། འོ་བརྒྱལ་བའི་གནས་ལས་བཞུགས་ཡུལ་ལེགས་པའི་སར་སྤོ་བ་སོགས་ནི་བསོད་ནམས་ལྷག་པར་ཆེ་ལ། ཆེན་པོ་ཆུང་དུ་གཏོང་བ་དང་། སྐུ་རྒྱུ་སོགས་ངན་དུ་གཏོང་བ་ནི་གཏན་ནས་མི་རུང་བར་གསུངས་ལ། བཞུགས་ཡུལ་སྤོ་བར་བྱ་བའམ། ཞིག་གསོས་ངེས་པར་དགོས་པ་དག་ལ་ཨར་ཆོག་མེད་དུ་མི་རུང་བ་དང་། དེ་ཇི་ལྟར་བྱ་བའི་ཚུལ་ལའང་། དེའི་ལྷ་གང་ཡིན་གྱི་དམ་ཚིག་ཡེ་ཤེས་རྣམས་རེ་ཞིག་བཞུགས་གནས་སྤོ་བའི་ཐབས་ཀྱི་རྣམ་གྲངས་ལ་རྒྱུད་སྡེའི་རིམ་པ་སོ་སོའི་ཁྱད་ཀྱིས། སྔགས་བླ་མེད་གོང་མ་ལ་ལར་ནི། རྡོ་རྗེ་སློབ་དཔོན་བསྐྱེད་རྫོགས་ཀྱི་ནུས་ལྡན་ཡིན་ན་རྟེན་དེ་དག་གི་ལྷ་ཚོགས་ཀྱང་སློབ་དཔོན་ཉིད་ཀྱི་ཐུགས་ཀའི་ས་བོན་ལ་བསྟིམ་པའི་ཚུལ་གསུངས་པ་དང་། དུས་འཁོར་སོགས་ལས་ནི། ལག་གི་རྡོ་རྗེ་ལ་བསྟིམ་ཐབས་དང་། གཞན་དག་ཏུ་བུམ་པ་མཚན་ཉིད་དང་ལྡན་པ་ལ་ཁ་རྒྱན་མགུལ་ཆིངས་གཟུང་ཐག་ནང་བཅུད་སོགས་ཚང་བར་བྱས་པ་ལ་བསྟིམས་ཚུལ་སོགས་ཐ་དད་དུ་མར་བཤད་མོད་ཀྱང་། སྐབས་འདིར་རྒྱུད་སྡེ་གོང་འོག་སྤྱི་མཐུན་ལྟར་མེ་ལོང་ལ་བསྟིམ་པའི་ཐབས་ཉིད་སྟོན་པར་བྱ་བ་སྟེ། འདི་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་གྱི་དང་པོར་སྔོན་དུ་འགྲོ་བ་ནི་ལྷ་རྟེན་གང་ཡིན་པ་དེ་དག་གི་དྲུང་དུ་མཆོད་པའི་རིམ་པ་སྤྱི་ལྟར་དང་ཆ་གསུམ་གྱི་གཏོར་མ་སོགས་ཀྱང་ཅི་འབྱོར་བཤམས་ལ། སློབ་དཔོན་ཉིད་རྡོར་དྲིལ་ཐོགས་ལ་བདེ་བའི་སྟན་ལ་འཁོད་ནས། མཁའ་མཉམ་འགྲོ་ལ་ཕན་ཕྱིར་བདག་གིས་རྟེན་སྤོ་བའི་ཆོ་ག་བགྱིའོ་སྙམ་པའི་སེམས་བསྐྱེད་ཀྱིས། སྐྱབས་སེམས་ཡན་ལག་བདུན་དང་མཆོད་པ་བྱིན་རླབས་སོགས་བྱ་ཞིང་། བདག་ཉིད་ལྷག་པའི་ལྷ་གང་ཡང་རུང་བའི་བསྐྱེད་ཆོག་མཆོད་བསྟོད་སོགས་ཚང་བར་བྱས་ལ། ཡི་དམ་དེ་ཉིད་ཀྱི་བཟླས་པ་གང་འགྲུབ་ལོང་སྐབས་དང་བསྟུན་ཏེ་བྱ་བ་ནི་གལ་པོ་ཆེ་ཡིན་ཏེ། ཐོག་མར་བདག་ཉིད་ནུས་ལྡན་དུ་བྱའོ། །

དེ་ནས་དངོས་གཞི་ལ། གང་སྤོ་རྒྱུའི་ལྷ་ཚོགས་དེ་ཐམས་ཅད་མངོན་སུམ་ལྟ་བུར་ཡིད་ཀྱིས་གསལ་བ་ལ། མདོ་སྔགས་གང་ཡིན་གྱི་ལྷ་དང་མཐུན་པའི་མཆོད་པ་འབུལ་ཚིག་རྒྱས་བསྡུས་ཀྱང་གང་ཡིན་གྱིས་མཆོད་ཅིང་སྤྱི་མཐུན་ལྟར་ན། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ལ་སོགས་པའི། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝིདྱ། ཤཔྟ་པྲ་ཏཱི་ཙྪ་པཱུ་ཛ་ཨཱཿཧཱུྃ། ཞེས་པས་མཆོད་ཅིང་། རྟེན་གྱི་ལྷ་ཚོགས་གང་ཡིན་དེ་དག་གི་བསྟོད་པ་ཤེས་ན་དེ་ཉིད་ཀྱིས་བསྟོད་ཅིང་། མི་ཤེས་ན་སྤྱི་བསྟོད་རྒྱུད་ནས་གསུངས་པ་འདི་བྱས་ཀྱང་བྱིན་རླབས་ཆེ་སྟེ། མཉམ་མེད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པར་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགོག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་བའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་མ་ལུས་བདག་ལ་སྩོལ། །ཞེས་པས་བསྟོད་ནས། ཉེས་ཚོགས་སྦྱང་ཕྱིར་ཡིག་བརྒྱ་ཡང་བརྗོད། སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་དམ་བཅས་པས་དཀོན་མཆོག་གསུམ་གྱི་ཕྲིན་ལས་སྒྲུབ་པའི་སྲུང་མ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་རྣམས་ལ་ཆ་གསུམ་གྱི་གཏོར་མ་རྒྱས་པར་བཏང་། དེ་ནས་མེ་ལོང་གཙང་མ་གཡའ་དག་ཅིག་ལེགས་པར་ཕྱིས་ལ་སྤོས་དུད་ཀྱིས་བསངས་ནས་ལག་ཏུ་ཐོགས་ཏེ། ཧཱུྃ། ཞེས་བརྗོད་པ་ཙམ་གྱིས་རང་ཉིད་ཡི་དམ་དུ་གསལ་བའི་ལྕེ་རྡོ་རྗེ་རྩེ་ལྔ་པར་གྱུར་ནས། ངག་གི་བརྗོད་ཚིག་མཐའ་དག་བདེན་པའི་ཚིག་གྲུབ་པའི་ནུས་པ་དང་ལྡན་པར་དམིགས་ཤིང་། རྟེན་གཤེགས་རྒྱུ་གང་ཡིན་དེ་དག་གི་གཟུགས་བརྙན་མེ་ལོང་དེ་ཉིད་ལ་འཆར་དུ་བཅུག་ཅིང་། དྲིལ་བུ་གསིལ་ལ། ཐུགས་རྗེ་མངའ་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཡེ་ཤེས་སྤྱན་ལྡན་པ། །ཀུན་གྱིས་བྱིན་གྱིས་བརླབ་པའི་ཕྱིར། །བདག་ཉིད་རྡོ་རྗེ་སློབ་དཔོན་གྱིས། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཡོ་བྱད་ཅི་འབྱོར་བ་དག་གིས། །ཁྱེད་ཀྱི་རྟེན་རྣམས་སྤོ་བར་འཚལ། །ཚོགས་པ་ཐམས་ཅད་རབ་གནས་པ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདེན་པའི་བྱིན་རླབས་ཀྱིས། རྟེན་རྣམས་ཀྱི་དམ་ཚིག་པ་དང་ཡེ་ཤེས་པ་མཐའ་དག་མེ་ལོང་གི་གཟུགས་བརྙན་ལ་ཐིམ་པར་གྱུར། ཛ་ཧཱུྃ་བྃ་ཧོཿཞེས་པའི་ཚིག་རྣམས་ལན་གསུམ་དུ་བརྗོད་པས། ལྷ་ཚོགས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལ་མོས་ཤིང་ཐིམ་པར་ངེས་ཤེས་བསྐྱེད་ཅིང་། མེ་ལོང་དེ་ཉིད་མགོ་མཇུག་མ་ལོག་པར་ན་བཟའ་གསོལ་ནས་མཆོད་གྲལ་དུ་བཞུགས་སུ་གསོལ་བ། །སླར་མཆོད་བསྟོད་མདོར་བསྡུས་བྱ་ཞིང་། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་ཀྱང་འཐོར་ལ་ཤིས་པ་བརྗོད་དོ། །

རྗེས་སུ་རྟེན་རྣམས་སྔར་ལས་མི་དམན་པར་ནམ་གྲུབ་པའི་ཚེ། རབ་ཏུ་གནས་པའི་ཆོ་ག་རྒྱས་བསྡུས་ཅི་ལྟར་འགྲུབ་པ་བྱ་ཞིང་དེ་སྐབས་དངོས་གཞིའི་ཡེ་ཤེས་པ་བསྟིམ་པའི་དུས་སུ། མེ་ལོང་གཟུགས་བརྙན་གྱི་ལྷ་ཚོགས་དེ་ཐམས་ཅད་རྟེན་ཉིད་ལ་ཐིམ་ནས་གཉིས་སུ་མེད་པར་གྱུར། ཞེས་བརྗོད་ཅིང་ངེས་ཤེས་ཀྱང་བྱའོ། །དེ་ལྟར་མ་གྲུབ་ཀྱི་རིང་ལ་མེ་ལོང་དེ་ཉིད་རྟེན་འགྲམ་དུ་བཞུགས་པ་མ་གཏོགས་ལས་གཞན་བཀོལ་དུ་མི་རུང་ངོ་། །ཡང་གལ་ཏེ་སྔར་གྱི་རྟེན་སྙིང་པ་དེ་དག་ཇི་ལྟ་བ་བཞེངས་པའི་སྐབས་ཐོབ་མེད་པ་ལྟ་བུ་ལ་ནི། ལྷ་གང་ཡིན་དེ་དག་ཚང་བའི་ཐང་སྐུ་ལྟ་བུ་གང་འགྲུབ་བཞེངས་ལ། མེ་ལོང་གི་ལྷ་ཚོགས་བསྟིམ་ཚུལ་སྔ་མ་ལྟར་བྱ་དགོས་པ་ཉིད་དོ། །

དེ་ལྟར་རྟེན་ཞིག་གསོས་སོགས་ལ་ཨརྒྷའི་ཆོ་ག་འདི་བཞིན་མེད་མི་རུང་དུ་གསུངས་ཀྱང་། ལག་ལེན་གྱི་ཡིག་ཆ་དཀོན་པར་སྣང་ཞིང་། རང་གི་ཇི་ལྟར་ནུས་པའི་ཡི་གེ་བལྟས་ཆོག་ཏུ་བགྱིས་པ་འདི་ནི། ཀོང་ཡུལ་བུ་ཆུ་ལྷ་ཁང་གི་ཇོ་བོའི་དབུ་ལ་གསེར་ཏོག་འབུལ་བའི་དུས་སུ་དེ་མོ་སློབ་དཔོན་པས་བཀའ་ཡིས་བསྐུལ་བར་མཛད་པ་བཞིན། ཕྱི་རབས་རྗེས་སུ་འཇུག་དག་ལའང་ཕན་པར་སྲིད་དམ་སྙམ་པའི་ལྷག་བསམ་གྱིས་བྲིས་པའི་དགེ་བས་མཁའ་ཁྱབ་ཀྱི་འགྲོ་བ་བྱང་ཆུབ་མཆོག་ལ་འགོད་པའི་རྒྱུར་གྱུར་ཅིག །དགེའོ། །

47.2K