༄༅། །བླ་མ་འོད་དཔག་མེད་ལ་གསོལ་བ་འདེབས་པ་བདེ་བ་ཅན་གྱི་ལམ་པོ་ཆེ་བཞུགས་སོ། །

ཤར་སྐལ་ལྡན་རྒྱ་མཚོ།

༄༅། །བླ་མ་འོད་དཔག་མེད་ཀྱི་རྣལ་འབྱོར་བསྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ལ། དངོས་གཞི་ནི་འདི་ལྟར། སྨིན་མཚམས་ཀྱི་ཐད་ཀྱི་ནམ་མཁའ་རུ། །རིན་ཆེན་གྱི་ཁྲི་དང་པད་ཟླའི་སྟེང་། །དྲིན་ཅན་གྱི་རྩ་བའི་བླ་མ་དང་། །དབྱེར་མེད་ཀྱི་མགོན་པོ་འོད་དཔག་མེད། །སྐུ་མདོག་ནི་རབ་ཏུ་དམར་ཞིང་མཛེས། །གཡས་གཡོན་གྱི་ཕྱག་གཉིས་མཉམ་བཞག་མཛད། །དེའི་སྟེང་དུ་ལྷུང་བཟེད་ཉེ་བར་བརྒྱན། །ཆོས་གོས་ཀྱིས་བཀླུབས་ཤིང་འོད་ཕུང་དབུས། །སྐྱིལ་དཀྲུང་གི་སྟབས་བཞུགས་གནས་གསུམ་དུ། །ཡིག་གསུམ་གྱིས་མཛེས་ལས་འོད་འཕྲོས་པས། །གསུམ་ལྡན་གྱི་བླ་མ་འཁོར་དང་བཅས། །སྐད་ཅིག་གིས་སྤྱན་དྲངས་གཉིས་མེད་ཐིམ། །དྲན་ཙམ་གྱིས་འཇིགས་པ་ཀུན་སེལ་ཞིང་། །སྐྱབས་གནས་ཀྱི་མཆོག་ཀུན་འདུས་པར་གྱུར། །རྨད་བྱུང་གི་མཛད་པས་མཆོག་སྟེར་ཞིང་། །མཚན་ཙམ་གྱིས་འཆི་བདག་རྒྱང་རིང་སྐྲོད། །དམིགས་མེད་ཀྱི་ཐུགས་རྗེའི་དབང་གྱུར་པའི། །བླ་མ་དང་འོད་དཔག་མེད་ཕྱག་འཚལ། །ཀུན་བཟང་གི་མཆོད་སྤྲིན་མ་ལུས་དང་། །ཁྱད་པར་དུ་བདག་གཞན་དགེ་བའི་ཚོགས། །དད་གུས་ཀྱིས་འབུལ་ལོ་མྱུར་བཞེས་ནས། །མཆོག་ཐུན་གྱི་དངོས་གྲུབ་སྩལ་དུ་གསོལ། །སྔར་བྱས་ཀྱི་སྡིག་ལྟུང་མ་ལུས་པ། །སྙིང་ཁོང་ནས་ནོངས་ཤིང་ཤིན་ཏུ་འགྱོད། །རྨི་ལམ་གྱི་སྐྱེས་བུས་ཉེས་སྤྱད་ལྟར། །བདེན་མེད་ཀྱི་ངང་དུ་བཤག་པར་བགྱི། །རབ་དཀར་གྱི་དགེ་ལ་ཡི་རངས་ཤིང་། །ཟབ་རྒྱས་ཀྱི་ཆོས་འཁོར་བསྐོར་བ་ལ། །དཔག་ཡས་ཀྱི་བསྐལ་པར་བཞུགས་སུ་གསོལ། །བདག་གཞན་གྱི་དགེ་ཀུན་རྫོགས་བྱང་བསྔོ། །གང་བཟང་གི་བླ་མའི་ཞབས་བསྟེན་ཀྱང་། །སངས་རྒྱས་ཀྱི་འདུ་ཤེས་མ་སྐྱེས་པས། །ཅི་མཛད་ལ་སྐྱོན་བཏགས་བརྙས་ཤིང་སྨད། །ལོག་རྟོག་གི་ཕུང་པོ་བདག་ལ་གཟིགས། །དལ་འབྱོར་གྱི་རྟེན་བཟང་ཐོབ་ལགས་ཀྱང་། །དམ་ཆོས་ཀྱིས་སྙིང་པོ་མ་བླངས་པས། །ཕྱི་མ་རུ་ལག་སྟོང་འགྲོ་དོགས་འདུག །སྙོམ་ལས་ཀྱི་ཁོལ་བོ་བདག་ལ་གཟིགས། །འཆི་བདག་གིས་ཇེ་ཉེར་བཏུད་ལགས་ཀྱང་། །གཏན་སྡོད་ཀྱི་གྲབས་བྱེད་ངང་རིང་པོ། །འཆི་ཁ་རུ་བྲང་ལག་འཐབ་ཉེན་གདའ། །རྟག་འཛིན་གྱི་དབང་གྱུར་བདག་ལ་གཟིགས། །ངན་སོང་གི་སྡུག་བསྔལ་ཡ་ང་བ། །དེ་རིང་ཡང་མི་མྱོང་ངེས་མེད་ཀྱང་། །ཉིན་བཞིན་དུ་དེ་རུ་ལྟུང་བའི་རྒྱུ། །ལས་ཉོན་གྱི་འབངས་གྱུར་བདག་ལ་གཟིགས། །མཆོག་གསུམ་ལ་ཡིད་ཆེས་མ་སྐྱེས་པས། །ཁ་ཙམ་གྱི་ཚིག་གིས་ཕན་མ་ཐོགས། །སངས་རྒྱས་ཀྱི་བཀའ་ལུང་རས་སུ་བོར། །ཡང་དག་གི་མུ་སྟེགས་བདག་ལ་གཟིགས། །ལས་འབྲས་ཀྱི་རྣམ་དབྱེ་གོ་ལགས་ཀྱང་། །དགེ་སྡིག་ལ་བླང་དོར་མ་བྱས་པས། །བག་མེད་ཀྱི་བྱ་བས་ཉིན་མཚན་འདས། །ཁྲེལ་མེད་ཀྱི་མི་གཟུགས་བདག་ལ་གཟིགས། །ཁམས་གསུམ་གྱི་འཁོར་བ་གར་སྐྱེས་ཀྱང་། །མེ་མུར་གྱི་འོབས་ལྟར་སྡུག་བསྔལ་གཞི། །ཡུད་ཙམ་ཞིག་བདེ་ཞིང་སྐྱིད་དུས་འདིར། །སྐྱོ་ཤས་ཀྱི་རླན་བྲལ་བདག་ལ་གཟིགས། །རིགས་དྲུག་གི་སེམས་ཅན་མར་བསྒོམས་ཀྱང་། །སྡུག་བསྔལ་གྱིས་གདུངས་ཚེ་གད་མོ་ཤོར། །ཐེག་ཆེན་གྱི་ཕྱོགས་ལ་རེ་ཐག་ཆད། །བྱང་སེམས་ཀྱི་གཟུགས་བརྙན་བདག་ལ་གཟིགས། །ལྟ་ཁྲིད་ལ་ཁ་བཤད་བརྒྱ་བྱས་ཀྱང་། །རྒྱུད་ཐོག་ཏུ་བདག་འཛིན་ཇེ་སྦོམ་སོང་། །གང་མཐོང་ལ་ཨ་འཐས་ཞེན་པ་ཡི། །བདེན་འཛིན་གྱིས་ཡིད་མྱོས་བདག་ལ་གཟིགས། །བསྐྱེད་རྫོགས་ཀྱི་ལམ་ལ་ཡར་མཆོངས་ཀྱང་། །ཐ་མལ་གྱི་སྣང་ཞེན་འདམ་ནང་དུ། །ཡང་ཡང་དུ་ལྷུང་བས་མྱུར་ལམ་ཡང་། །རིང་ལམ་དུ་བྱེད་མཁན་བདག་ལ་གཟིགས། །ཆོས་སྒོ་རུ་ཞུགས་ནས་ཡུན་རིང་ཡང་། །ཆོས་སེམས་གཉིས་ཁ་འདྲེས་ཞེ་མ་འདྲེས། །ཆུ་རྡོ་དང་ཆུ་གཉིས་ཇི་བཞིན་གྱུར། །ཆོས་ལུས་ཀྱི་ཁྲམ་པ་བདག་ལ་གཟིགས། །དད་ཟས་ཀྱིས་རྒྱུད་ངན་ཆེར་གྱོང་བས། །སྔོན་དུས་ཀྱི་དགེ་སེམས་རྨང་ནས་ཡལ། །འདོད་ཆགས་ཀྱི་ཆུ་བྲུབས་རྨོངས་མུན་འཐིབས། །ཞེ་སྡང་གི་མེ་འབར་བདག་ལ་གཟིགས། །ཐར་མེད་ཀྱི་ན་རྒས་རྒྱབ་ནས་བདས། །འཇིགས་རུང་གི་གཤིན་རྗེས་མདུན་ནས་བསུས། །གང་དུ་ཡང་འབྲོས་ས་མ་རྙེད་ཚེ། །མྱུར་བ་རུ་བྱོན་ཅིག་འོད་དཔག་མེད། །ཡིད་འོང་གི་ཕྱག་གཉིས་སྤྱི་བོར་ཞོག །རབ་སྙན་གྱི་གསུང་གིས་བུ་བུ་ཁྱོད། །སངས་རྒྱས་ཀྱི་ཞིང་དུ་འགྲོ་གསུངས་ནས། །རྫུ་འཕྲུལ་གྱིས་བདེ་བ་ཅན་དུ་དྲོངས། །ཞིང་མཆོག་དེར་རིན་ཆེན་པདྨ་ལས། །ཐེག་ཆེན་གྱི་རིགས་སུ་ལེགས་སྐྱེས་ནས། །གསུང་རྒྱུན་གྱི་བདུད་རྩི་མྱངས་པ་ལས། །སྒྲིབ་གཉིས་ཀྱི་ནད་ལས་གྲོལ་བར་མཛོད། །དེ་ལྟར་དུ་གསོལ་བ་བཏབ་པའི་མཐུས། །བསླུ་མེད་ཀྱི་སྐྱབས་གནས་འོད་དཔག་མེད། །སྨིན་མཚམས་ནས་ཞུགས་ནས་བྱིན་བརླབས་པས། །དགྱེས་བཞིན་དུ་རང་དང་འབྲལ་མེད་གྱུར། །འདིས་མཚོན་གྱི་རྣམ་དཀར་དགེ་བའི་མཐུས། །བླ་མ་ལ་སངས་རྒྱས་འདུ་ཤེས་ཀྱིས། །དུས་གཏན་གྱི་མདུན་མ་ལེགས་གྲུབ་ནས། །སྐུ་གསུམ་ལ་སེམས་ཅན་ཀུན་འགོད་ཤོག །ཅེས་བླ་མ་འོད་དཔག་མེད་ལ་གསོལ་བ་འདེབས་པ་བདེ་བ་ཅན་གྱི་ལམ་པོ་ཆེ་ཞེས་བྱ་བ་འདི་ནི། གནས་བརྟན་བློ་བཟང་དམ་ཆོས་ཀྱིས་བསྐུལ་བའི་ངོར་ཆོས་སྨྲ་བ་སྐལ་ལྡན་རྒྱ་མཚོས་སྦྱར་བའོ།། །།

རྩོམ་སྒྲིག་པ། དཔལ་རྡོར།

47.2K