༄༅། །ཚ་གསུར་བསྡུས་པ་བཞུགས་སོ། །

     ༄༅།  །གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ།  །འདིར་ཚ་གསུར་གཏོང་བར་འདོད་པས། བག་ཕྱེ་མར་ཁུས་ཕུར་ལ། འབྱོར་ན་མེ་ཏོག་དང་དྲི་བཟང་དཀར་གསུམ་མངར་ཟས་སོགས་ཀྱང་བསྲེས་ཏེ། དུ་བ་མེད་པའི་མེ་ལ་བསྲེགས་ནས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས། བདག་དང་འགྲོ་རྣམས་བྱང་ཆུབ་སྙིང་པོའི་བར། །སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།    །སེམས་བསྐྱེད། མར་གྱུར་སེམས་ཅན་སངས་རྒྱས་གོ་འཕང་ལ། །འགོད་ཕྱིར་སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེད། །རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་འོད་ཀྱིས་སྲི་ཞུ་ཡོན་ཏན་སྙིང་རྗེ་ལན་ཆགས་ཀྱི་མགྲོན་ཐམས་ཅད་སྤྱན་དྲངས་ནས་རང་རང་དགྱེས་པའི་གདན་ལ་བཞུགས་པར་གྱུར། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ།  ལན་གསུམ། ན་མཿསརྦ+++བྷ་ར་ཧཱུཾ། ལན་བདུན་གྱིས་བསྔོས་ལ། བཛྲ་ཨརྒྷཾ་ནས་ཤཔྟའི་བར་མཆོད། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ཟག་མེད་གསུར་གྱི་མཆོད་པ་རྒྱ་མཐའ་ཡས་པ་ནམ་མཁའ་དང་མཉམ་པ་དུས་འཁོར་བ་ཇི་སྲིད་དུ་གནས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་བསླུ་མེད་སློབ་དཔོན་ཆེན་པོ་ཡབ་ཡུམ་ཐོད་ཕྲེང་རིགས་ལྔ་གུ་རུ་མཚན་བརྒྱད་རིག་འཛིན་བརྒྱད་རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་སོགས་སྐུ་གསུམ་བརྒྱུད་པ་དྲུག་ལྡན་གྱི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་རྣམས་ལ་འབུལ་བར་བགྱིའོ། །སྐུ་གསུང་ཐུགས་དང་འགལ་བ་དང་ལོག་རྟོགས་འཁྲུལ་བའི་དབང་དུ་གྱུར་པ་ཐམས་ཅད་བྱང་བར་བྱིན་གྱིས་བརླབ་ཏུ་གསོལ། རྒྱུད་སྡེ་ཆེན་པོ་དྲུག་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དབང་ཐོབ་མེ་ཏོག་ཕོག་པ་བསླུ་བ་མེད་པའི་དཀོན་མཆོག་གསུམ་དང་བཅས་པ་རྣམས་ལ་འབུལ་ལོ། །སོ་ཐར་བྱང་སེམས་གསང་སྔགས་ཀྱི་ཕམ་པ་དང་ཉེས་ལྟུང་ཐམས་ཅད་ཐུགས་རྗེའི་ཤུགས་ཀྱིས་བྱང་ཞིང་དག་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པར་བསྩལ་ཏུ་གསོལ། རིགས་ལྔ་གནས་གསུམ་འདས་དང་མ་འདས་པའི་མ་མོ་མཁའ་འགྲོ་ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་མ་ནིང་གི་རྒྱུད་དང་བཅས་ནོར་ལྷ་བཀའ་གཏེར་སྲུང་མའི་དབང་པོ་དང་བཅས་པ་རྣམས་ལ་འབུལ་ལོ། །མ་རིག་པ་དང་མ་གུས་པའི་དབང་གིས་གསང་བ་བསྒྲགས་ཤིང་མཆོད་གཏོར་ཐུགས་དམ་བསྐང་པ་གཏང་རག་མ་ཐོང་བ་ལ་སོགས་པའི་སྤྱི་དགོས་ཀྱི་དམ་ཚིག་ལས་འདས་པ་ཐམས་ཅད་བཟོད་པར་བཞེས་ལ་ལས་བཞི་རབ་འབྱམས་ཐོགས་མེད་དུ་འཕྲིན་ལས་མཛོད་ཅིགའབྱུང་བ་ལྔ་དང་ལོ་ཟླ་ཞག་དུས་ལ་དབང་བའི་སྲུང་མ་དཀར་ཕྱོགས་སྐྱོང་བ་རྣམས་དང་། སྡེ་བརྒྱད་རྒྱལ་བློན་འབངས་འཁོར་སྡེ་རིགས་ཕྱོགས་གཏོགས་གཞི་བདག་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །ཐབ་གཞོབ་ཤིང་བཅད་ཆུ་དཀྲུག་སོགས་ཕོག་ཐུག་འཁྲུག་པའི་ལས་རྣམས་ལ་ཀོ་ལོང་མ་མཛད་པར་མཐུན་རྐྱེན་ཡིད་བཞིན་དུ་སྒྲུབས་ཤིགགཞན་ཡང་དྲི་ཟའི་ཚོགས་ཐམས་ཅད་དང་མར་གྱུར་རིགས་དྲུག་གདོན་བགེགས་ལན་ཆགས་སྲིད་པ་བར་དོའི་སེམས་ཅན་ལྷག་མགྲོན་གློ་བུར་བ་དང་བཅས་པ་རྣམས་ལ་བསྔོའོ། །ཚིམ་ཞིང་དགྱེས་པར་གྱུར་ཅིགདེའི་མཐུས་བདག་གཞན་རྣམས་ཀྱི་ཚོགས་རྫོགས་སྒྲིབ་པ་བྱང་ནས། མཐོ་རིས་དང་ཐར་བ་རྣམ་མཁྱེན་རྒྱལ་བའི་གོ་འཕང་དམ་པ་མྱུར་དུ་ཐོབ་པར་གྱུར་ཅིག །བདག་གི་བསམ་པའི་ཞེས་པ་ནས་གྱུར་ཅིག   །

ཅེས་པ་འདི་ནི་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་སྦྱར་པའོ། །སྐུ་ཚེ་བསྟན་པའི་རྒྱལ་མཚན་བརྟན་པར་ཤོག །བཀྲ་ཤིས། །། །

47.2K