༄༅། །གྲུབ་དབང་མཐའ་བྲལ་ཆོས་དབྱིངས་རང་གྲོལ་རྡོ་རྗེའི་སྐུ་ཕྲེང་གསོལ་འདེབས་བཞུགས་སོ། །

༄༅། །ཆོས་ཀུན་གདོད་ནས་སྟོང་ཡང་གདུལ་བྱའི་ངོར། །མ་འགག་གཟུགས་སྐུའི་རྣམ་རོལ་པདྨ་སྐྱེས། །གང་དང་རྣམ་དབྱེར་མེད་པའི་རིགས་ཀྱི་བདག །གཏེར་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་པད་དཀར་འཆང་། །རིག་འཛིན་རྡོ་རྗེ་ཆོས་དངོས་པྲ་བྷ་ཧ། །ཟབ་གསང་སྔགས་ཀྱི་སྟོན་པ་ཁྱིའི་རྒྱལ་པོ། །དངོས་གཅིག་དུ་མའི་གར་་ལ་གསོལ་བ་འདེབས། །འཕགས་ཡུལ་མཁས་པའི་གཙུག་རྒྱན་བྷ་ཝི་ལྷ། །གངས་ཅན་བསྟན་པའི་ཀ་བ་བདུད་འཇོམས་དཔལ། །གཉགས་ཀྱི་གདུང་འཛིན་པདྨ་གཞོན་ནུའི་ཞབས། །མཁྱེན་བརྩེ་ནུས་ལྡན་གསུམ་ལ་གསོལ་བ་འདེབས། །མཆོག་གྲུབ་རིག་པའི་གཏེར་མངའ་བྷ་རོའི་ཞབས། །འཁོན་ཆེན་ཀླུ་དབང་ཟློས་གར་ཉི་མ་གྲགས། །བདེ་ཆེན་རྡོ་རྗེ་བློ་གྲོས་རིན་ཆེན་བཟང་། །ཚད་མེད་གཏེར་ཆེན་གསུམ་ལ་གསོལ་བ་འདེབས། །ལྷོ་བྲག་མར་བའི་གདུང་སྲས་མདོ་སྡེ་འབར། །མོན་བུ་རིན་ཆེན་གླིང་སྲས་ཀུན་དགའ་གྲགས། །ལབ་ཀྱི་སྒྲོན་སྲས་ཐོད་སྨྱོན་བསམ་འགྲུབ་ཞབས། །གྲུབ་པའི་གདུང་འཛིན་གསུམ་ལ་གསོལ་བ་འདེབས། །མདོ་སྨད་རེ་སྐོང་འཛིན་མའི་གྲུབ་བརྒྱའི་གཙོ། །གང་དེའི་ཟློས་གར་རྣམ་གསུམ་སུརྱའི་མཚན། །པདྨའི་རྒྱལ་ཚབ་རོལ་བའི་རྡོ་རྗེ་སོགས། །འཁྲུལ་མེད་ལུང་གིས་བསྟན་དེར་གསོལ་བ་གསོལ་བ་འདེབས། །རིག་པ་ཡེ་ཤེས་རྡོ་རྗེ་ཐུགས་ཀྱི་གཏེར། །གཞི་ལམ་འབྲས་བུའི་རྒྱུད་དོན་མ་ནོར་བར། །ཇི་བཞིན་སྟོན་ལ་མི་འཇིགས་སྤོབས་པ་ཅན། །རྒྱལ་ཀུན་འདུས་བའི་ངོ་བོར་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་ཐུགས་རྗེས་ཚེ་ལུས་འདིར། །བདེན་གཉིས་དོན་རྟོགས་རིམ་གཉིས་མཐུ་བྱིན་འབྲས། །སྐུ་གཉིས་ལྷུན་གྲུབ་མཐའ་བྲལ་རྡོ་རྗེའི་ཞལ། །མངོན་གྱུར་ཆོས་སྐུའི་རྒྱལ་ས་ཟིན་བྱིན་རློབས། །

  ཞེས་ཀུན་མཁྱེན་ཆོས་ཀྱི་རྒྱལ་བོ་གྲུབ་དབང་རྫོགས་ཆེན་པའི་སྲས་ཀྱི་དམ་པ་རིགས་སྔགས་འཆང་བ་པདྨ་དྲག་པོ་རྩལ་གྱི་སྐུ་ཕྲེང་གསོལ་འདེབས་འདི་ནི་དུས་ངན་གྱིས་སླུ་ཆོས་མཁན་འགའ་ཡི་ལན་དུ་མ་སོང་བར་ཡིད་ཆེས་ཀྱི་ཁུངས་ཐོབ་པའི་ཚེ་སྐྱབས་རྗེས་གསུངས་པར་རང་གི་ཉམས་ཚོད་དུ་ཤར་བ་བཅས་ཨ་མགྲོན་སྔགས་པའི་ངོར་སྡེ་དགེའི་བླ་མ་འཇིགས་མེད་སྐལ་བཟང་གིས་རེ་སྐོང་ནས་སྤེལ་བའོ། །དགེའོ། །

47.2K