༄༅། །རིག་འཛིན་བརྒྱུད་བསྐུལ་བྱིན་རླབས་ཆར་འབེབས་བཞུགས།

ཨེ་མ་ཧོཿ   རང་སྣང་རྣམ་དག་ཕྱོགས་བཅུའི་ཞིང་ཁམས་ནས། །རིག་འཛིན་བརྒྱུད་པའི་བླ་མ་ཐུགས་རྗེ་ཅན། །ཉམ་ཐག་བདག་གིས་གདུང་བས་གསོལ་འདེབས་ན། །ཐུགས་རྗེས་དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་དབྱིངས་བརྡལ་བ་ཆེན་པོའི་ཞིང་ཁམས་ནས། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །རང་སྣང་མ་འགགས་འོད་ལྔའི་ཞིང་ཁམས་ནས། །ལོངས་སྐུ་རིགས་ལྔ་ཡབ་ཡུམ་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །སྣ་ཚོགས་འགྲོ་བ་འདུལ་བའི་ཞིང་ཁམས་ནས། །སྤྲུལ་སྐུ་རིགས་གསུམ་མགོན་པོ་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །དྷ་ན་ཀོ་ཤ་མཁའ་འགྲོའི་ཚོགས་དབུས་ནས། །ཡང་སྤྲུལ་དགའ་རབ་རྡོ་རྗེ་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །དུར་ཁྲོད་སོ་ས་གླིང་གི་ཕོ་བྲང་ནས། །རིག་འཛིན་ཤྲཱི་སེང་ཧ་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །དུར་ཁྲོད་རོ་གླིང་བསིལ་བའི་ཚལ་ཆེན་ནས། །གྲུབ་མཆོག་རིག་འཛིན་རྣམ་བརྒྱད་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །གནས་ཡུལ་དུར་ཁྲོད་གྲུབ་པའི་ཞིང་ཁམས་ནས། །རིག་འཛིན་གྲུབ་པ་ཕོ་མོ་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས། །ཨོ་རྒྱན་པདྨ་ཐོད་ཕྲེང་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །གངས་ཅན་སྒྲུབ་གནས་དཔལ་གྱི་ཕོ་བྲང་ནས། །གྲུབ་མཆོག་རྗེ་འབངས་ཉེར་ལྔ་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མ་ངེས་ཟབ་གཏེར་གཉན་གྱི་དབེན་གནས་སུ། །འགྲོ་འདུལ་གཏེར་སྟོན་བརྒྱ་རྩ་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །རིས་མེད་འགྲོ་བ་འདུལ་བའི་ཕོ་བྲང་ནས། །བཀའ་གཏེར་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་ནས། །རྒྱལ་སྲས་རིག་འཛིན་གྲུབ་ཚོགས་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མཁྱེན་བརྩེ་ནུས་པ་མཚུངས་པ་མེད་པའི་རྗེ། །བྱིན་རླབས་རྩ་བ་བླ་མ་རིན་པོ་ཆེ། །དངོས་དང་བརྒྱུད་པ་ཕྱག་རྒྱའི་འཁོར་དང་ནི། །ཞིང་ཁམས་གཞལ་མེད་ཁང་དང་ཚོམ་བུར་བཅས། །མཉམ་ཉིད་རོལ་པ་ཆེན་པོའི་ཆོ་འཕྲུལ་གྱིས། །སྣང་སྟོང་སྐུ་ཡི་གར་ཐབས་ལམས་སེ་ལམ། །དགྱེས་བཞད་གསུང་གི་བརྡའ་སྐད་དི་རི་རི། །བདེ་སྟོང་ཐུགས་ཀྱི་དགོངས་པ་ཐ་ལ་ལ། །བྱིན་རླབས་ཡེ་ཤེས་ན་བུན་ཐིབས་སེ་ཐིབ། །འཇའ་འོད་མེ་ཏོག་ཆར་པ་ཐོ་ལོ་ལོ། །དངོས་གྲུབ་བདུད་རྩིའི་སྦྲང་ཆར་ཏ་ལ་ལ། །ད་ལྟ་སྐད་ཅིག་ཉིད་དུ་འདིར་བྱོན་ནས། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ། །སྒྲུབ་པའི་འབྲས་བུ་དུས་འདིར་མཆིས་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བིདྱཱ་དྷཱ་ར་སརྦ་ས་མ་ཡཱ་ཕེཾ་ཕེཾ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ་ཨཱཿཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་རིག་འཛིན་བརྒྱུད་བསྐུལ་འདི་སྒྲུབ་པའི་དུས་སུ་དབྱངས་སྙན་པོའི་གདུང་ཤུགས་ཀྱིས་བསྒྲགས་པས་རིག་འཛིན་རྣམས་ཀྱིས་བྱིན་གྱིས་བརླབས་ནས་སྒྲུབ་པའི་འབྲས་བུ་དོན་ཡོད་པར་འགྱུར་བས་སྐལ་བཟང་རྣམས་ཀྱི་སྙིང་ལ་འཆང་བར་བྱའོ། །ཞེས་རབ་ཚེས་ས་ཁྱི་ཟླ་ཚེས་ལ་འཇམ་དཔལ་རྡོ་རྗེས་སྤེལ་བ་མངྒ་ལཾ། །

47.2K