༄༅། །སྔགས་སྲུང་མའི་གཏོར་འབུལ་འཁྱེར་བདེ་བཞུགས་སོ། །

ན་མོ་བཛྲ་དྷ་རཱ་ཡ། འདིར་རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་སྙིང་པོའི་བཀའ་སྲུང་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མའི་མཆོད་གཏོར་བྱ་བར་འདོད་པས་གཙང་མའི་སྟེགས་ལ་གཏོར་མ་གྲུ་གསུམ་ཤ་ཁྲག་གིས་བརྒྱན་པ་དང་། སྨན་ཕུད་རཀྟ་ཉེར་སྤྱོད་ལྔ་སོགས་མཆོད་རྫས་རྣམས་ཚོགས་པར་བྱས་ལ། ཡི་དམ་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་བྱིན་གྱིས་བརླབ། སྭ་བྷཱ་ཝས་སྦྱང་། མདུན་དུ་ཁྲག་མཚོ་ཀེང་རུས་ཁྲིར༔ པད་ཉིའི་གདན་ལ་ཏྲག་ཡིག་ལས༔ ཨེ་ཀ་ཙ་ཏྲི་སྨུག་ནག་མདོག༔ འཇིགས་ཚུལ་ཞལ་གཅིག་ཕྱག་གཉིས་མ༔ རལ་གཅིག་སྤྱན་གཅིག་ནུ་མ་གཅིག༔ མཆེ་གཅིག་མི་བཟད་ཁྲོ་ཚུལ་ཅན༔ ཕྱག་གཡས་ཞིང་གི་དབྱུག་པ་འཕྱར༔ གཡོན་པས་ཙིཏྟ་ལྕགས་སྤྱང་འགྱེད༔ གཅེར་བུ་དུར་ཁྲོད་རྒྱན་ཆ་དང་༔ འཇའ་ཚོན་བེར་དང་སྤྲིན་དཀར་གསོལ༔ བརྐྱང་བསྐུམ་སྟབས་ཀྱིས་གནས་པར་བསྒོམ༔ དེའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ སྙིང་གར་ཧཱུྃ༔ ཧཱུྃ་ལས་འོད་ཟེར་འཕྲོས་པས་སྔགས་ཀྱི་སྲུང་མ་འཁོར་བཅས་སྤྱན་དྲངས་པར་བསམ་ལ། བྷྱོཿ དད་པ་དང་ནི་དམ་ཚིག་གིས༔ སྔགས་སྲུང་ཁྲོ་མོ་རག་གདོང་མ༔ དབྱིངས་ཀྱི་མ་མོ་དྲག་རྩལ་ཅན༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ སྔོན་གྱི་ཞལ་བཞེས་དམ་བཅས་བཞིན༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཨོཾ་རུ་རུ་ཨེ་ཀ་ཙ་ཏི་སྙིང་ཁ་རཀ་མོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿཞེས་སྤྱན་དྲངས། ཏྲག་རཀྵ་ས་མ་ཡ་ཏིཥྛནྟུས་བཞུགས་སུ་གསོལ། ཨརྒྷཾ་ནས་ཤཔྡའི་བར་གྱིས་ཕྱི་མཆོད་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཞེས་སྨན་རག་འབུལ། འབོད་སྔགས་མཐར་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁཱ་ཁཱ་ཧི་ཁཱ་ཧི༔ ཞེས་བཏགས་པ་གསུམ་མམ་བདུན་གྱིས་གཏོར་མ་འབུལ། བསྟོད་པ་ནི། བྷྱོཿ བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ནས༔ ཤིན་ཏུ་གསོད་པའི་སྨུག་ནག་ཁྲོས་མ་ནི༔ ནམ་མཁའི་གཟུགས་ཅན་ལྷོ་སྤྲིན་གོས་སུ་གྱོན༔ ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན༔ ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགས༔ འཇིགས་བྱེད་ཆེན་པོ་རལ་པའི་ཐོར་ཚུགས་ཅན༔ དཔྲལ་ན་སྤྱན་གཅིག་སྲིད་གསུམ་ཁོང་ནས་འབྱིན༔ ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ༔ བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་༔ ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་གསོལ་ལ༔ དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད༔ མ་མོ་སྲོག་ལ་དགྱེས་ཕྱིར་འདི་གསོལ་ལ༔ བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ཞེས་བསྟོད་ནས། སྔགས་སྲུང་མ་མོ་འཁོར་དང་བཅས་པ་ཡིས༔ གསང་སྔགས་བསྟན་པ་དར་ཞིང་རྒྱས་པ་དང་༔ བདག་ཅག་འགལ་རྐྱེན་ཀུན་ཞི་མཐུན་པའི་རྐྱེན༔ མ་ཚང་མེད་འབྱོར་བསམ་དོན་ལྷུན་གྲུབ་མཛོད༔ ཅེས་གསོལ་ཞིང་གཏོར་མ་སྟོབ་པ་དང་བཟོད་གསོལ་གཤེགས་བསྡུ་རྣམས་བྱའོ། །ཞེས་པའང་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྦྱར་བ་དགེ་ལེགས་འཕེལ་གྱུར་ཅིག། །།

47.2K