༄༅། །གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་གསོལ་མཆོད་བཞུགས་སོ། །

༄༅། །གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་གསོལ་མཆོད་ནི། ན་མཿཔདྨ་བཛྲཱ་ཡ། གཏེར་སྲུང་བདུད་བཙན་ཀླུ་གསུམ་མཆོད་པར་འདོད་པས་སྣོད་གཙང་མར་བདུད་བཤོས་རྩེ་གུག། བཙན་བཤོས་གྲུ་གསུམ་ཀླུ་བཤོས་ཟླུམ་པོ་སྦྲུལ་འཁྱུད་ཅན་རྣམས་སོ་སོའི་མཐུན་རྫས་ཀྱིས་བརྒྱན་པ་བཤམས་ལ། བསངས་སྦྱངས་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་གཏེར་སྲུང་བདུད་བཙན་ཀླུ་གསུམ་འཁོར་དང་བཅས་པ་སོ་སོའི་གནས་ནས་སྤྱན་དྲངས་པར་བསམ་ལ། ཧཱུྃཿ ཁྲག་འཐུང་པདྨ་དྲག་པོ་ཡི། །སྤྱན་སྔར་ཁས་བླངས་དམ་ནོས་པའི། །གཏེར་སྲུང་བདུད་བཙན་ཀླུ་གསུམ་པོ། །དམ་ཚིག་གནས་འདིར་གཤེགས་སུ་གསོལ། །ཨོཾ་བདུད་ཏྲི་མ་རཱ་དུ་ཛཿཨོཾ་ཤཱུ་ལ་རཱ་ཛཱ་ཡཾ་ཛཿཨོཾ་ནཱ་ག་དུ་ན་ཕུ་ཛཿ ཞེས་པས་སྤྱན་དྲངས༑ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པའི་བར་གྱིས་མཆོད། ཨོཾ་བདུད་ཏྲི་མ་རཱ་དུ་ཛཿས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་བཞིན་དུ། ཨོཾ་ཤཱུ་ལ་རཱ་ཛ་ཡཾ་ཛཿཨོཾ་ནཱ་ག་དུ་ན་ཕུ་ཛཿཞེས་སོ་སོའི་སྔགས་མཐར་གཏོར་སྔགས་བཏགས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ་བསྟོད་པ་ནི། བྷྱོཿ བདུད་ཡུལ་ཁ་རག་མགོ་དགུ་ན༔ སྲོག་བདག་བདུད་ཀྱི་རྒྱལ་པོ་ནི༔ འཁོར་དུ་བདུད་དམག་འབུམ་གྱིས་བསྐོར༔ དམ་ཚིག་ཅན་གྱི་གྲོགས་མཛོད་ཅིག༔ དམ་ཉམས་རྣམས་ཀྱི་རྩ་བརྒྱུད་ཆོད༔ དགྲ་བོའི་བདུད་དུ་ཁྱོད་བསྐྱོས་ཀྱི༔ དགྲ་བོའི་སྲོག་ལ་ཧུར་ཐུམ་ཕོབ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ བྷྱོཿབཙན་ཡུལ་ཟངས་ཐང་དམར་པོ་ན༔ བཙན་རྗེ་ཡམ་ཤུད་དམར་པོ་ནི༔ འཁོར་དུ་བཙན་དམར་སྟོང་སྡེས་བསྐོར༔ སྤྲུལ་པ་མི་དམར་རྟ་དམར་འགྱེད༔ བདག་ལ་སྡང་བའི་དགྲ་བོ་འདིའི༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་༔ དུས་ལ་བབ་པོ་རྩལ་མ་ཞན༔ བྷྱོ༔ ཀླུ་ཡུལ་ན་ཁྲ་ཟེ་སྔོན་ན༔ ཀླུ་བདུད་མི་སྔོན་རྟ་སྔོན་ནི༔ འཁོར་དུ་ཀླུ་བདུད་འབུམ་གྱིས་བསྐོར༔ སྦལ་སྦྲུལ་སྡོམ་སྡིག་ཕོ་ཉར་འགྱེད༔ སྡིག་ཅན་དགྲ་བོ་ལས་ངན་ལ༔ ཀླུ་ནད་སྣ་ཚོགས་ཆར་ལྟར་ཕོབ༔ མཛེ་རིགས་བཅོ་བརྒྱད་ཕོ་བྲང་ཐོབ༔ བཞེས་ཤིག་ཐོགས་མེད་ཕྲིན་ལས་མཛོད༔ ཅེས་བསྟོད་ཅིང་བསྐུལ་ལ་གཏོར་མ་གཙང་སར་འབུལ་ལོ།    །ཞེས་པའང་འགྱུར་མེད་རྡོ་རྗེས་སོ།   །སརྦ་དཱ་མངྒ་ལཾ།

47.2K