༄༅། །དམ་ཆོས་གཤའ་མ་མཛད་ཚུལ་གྱི་ཞལ་གདམས་བཞུགས་སོ། །

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ།

༄༅། །ལགས་དམ་པའི་ཆོས་གཤའ་མ་ཞིག་མཛད་ན་འདི་བཞིན་འཚལ་ཏེ། འཇིག་རྟེན་གྱི་བྱ་བ་ཇི་ལྟར་བསྒྲུབ་ཀྱང་སྙིང་པོ་རྡུལ་ཙམ་ཡང་མེད་པས་སོ་ནམ་གྱི་ཁུར་པོ་ཕོགས། ཟས་ནོར་གྱི་འབྱོར་པ་རི་རབ་ཙམ་ཡོད་ཀྱང་ངོམས་པ་དང་ཆོག་ཤེས་སྤུ་རྩེ་ཙམ་ཡང་མེད་པས་གསོག་བསྲུང་གི་བྲེལ་དོ་སྐྱུར། རྣམ་གཡེང་གི་བྱ་བ་བསྐལ་ཆེན་འབུམ་དུ་བསྒྲུབ་ཀྱང་ཟིན་པ་དང་ཚིམ་པ་ཏིལ་འབྲུ་ཙམ་ཡང་མེད་པས་ཆོས་བརྒྱད་ཀྱི་བགྱི་བ་ཐོངས། གཉེན་གྲོགས་ཀྱི་ཁ་འཛིན་ལ་བསྐལ་པར་འབད་ཀྱང་འགྲུབ་པ་དང་ཚར་ཕྱིན་པ་ཆུ་ཐིགས་ཙམ་ཡང་མེད་པས་མཛའ་བཤེས་ཀྱི་ཞེན་པ་བོར། ད་ལྟ་ལོངས་སྤྱོད་ལ་ཆགས་པ། ཟས་གོས་ལ་གསོག་འཇོག །འདི་སྣང་ལ་ཞེན་སྲེད། སྲིད་སྡེ་ལ་དགའ་གདུང་སོགས་འཇིག་རྟེན་ཚེ་འདིར་བྱ་བ་ཅི་འདྲ་ཞིག་བསྒྲུབ་ཀྱང་འཆི་བའི་ཚེ་ཅུང་ཟད་ཙམ་ཡང་རྗེས་སུ་མི་འབྲང་། དམ་པའི་ཆོས་གཅིག་པུ་མ་གཏོགས་སུས་ཀྱང་སྐྱོབ་མི་ནུས་པར་ཐམས་ཅད་ཀྱིས་གླས་ལ་བོར་ཏེ་འགྲོ་བ་ན་སེམས་ཕམ་པ་ཞིག་ཡོང་། འཇིག་རྟེན་གྱི་ལས་ཐབས་ཇི་ལྟར་མཁས་ཀྱང་འཆི་བདག་གཤིན་རྗེ་ལ་ནི་མི་ཐབས་བྱེད་རྒྱུ་མེད། བཙན་པོ་སྟོབས་རྩལ་ཅན་ཇི་ལྟ་བུ་ཞིག་ཡིན་ཀྱང་འཆི་བདག་གི་གཡུལ་ངོ་བཟློག་མཁན་ནི་ཡེ་མི་འདུག །ཕྱུག་པོ་མངའ་ཐང་ཅན་ཇི་ལྟར་ཡིན་ཀྱང་གཤིན་རྗེ་འཆི་བདག་གི་རྒྱལ་པོ་ལ་ལྐོག་ཟས་ནི་མི་འཕྲོད། ད་ལྟ་སྐྱིད་པོའི་གནས་ཁང་ན་འདུག །བདེ་བའི་མལ་ན་ཉལ། ཞིམ་པོའི་ཟས་ཟ། མངར་པོའི་སྐོམ་འཐུང་། དྲོན་པོའི་གོས་གྱོན། འཁོར་འབངས་དུ་མ་བཅས་ཏེ་ལྷ་གཡག་ཞོལ་མོ་འགྱིང་བ། བརྗིད་མེར་རེ། སྣུམ་ཆིལ་ལེ། གཟི་འོད་ལམ་ལམ་དུ་འདུག་ཀྱང་སྒྲེན་མོ་ལག་པ་སྟོང་པར་འཇིག་རྟེན་ཕ་རོལ་ཏུ་སོང་སྟེ། རོ་སྔོ་སྒོག་གེ། གདོང་སྐྱ་ལམ་མེ། མགོ་ས་ཁ་ལེ་སྤོ་ཐོ་ཞིག་སྔས་ལ་བཞག །ཁ་ཕོར་དེ་སྔས་མགོར་སྦུབས་ནས་མི་རྟག་སྒྱུ་ལུས་ཀྱི་ཁང་པ་ཤུལ་དུ་བཞག་སྟེ། གཅིག་པུ་ས་ཚུགས་མེད་པའི་ཕྱོགས་སུ་འགྲོ་བ་ན་དམ་པའི་ཆོས་མ་གཏོགས་པ་གླིང་དང་སྐྱབས་སུ་ཞིག་ཡོད། ད་ལོ་བླ་མ་ཡིན་ཟེར་གྱི་ལང་རྒྱན་གྱིས་བརྒྱན་པ་ལ་ཞོན། ངེས་མེད་ཀྱི་ཡུལ་དུ་གདུལ་བྱའི་དོན་དུ་ཕེབས་ཟེར། དར་ཁའི་མདུད་པ་བོར་ནས་བྱིན་རྟེན་དུ་འགྱེད། ཧཱུྃ་རེ་གསུངས་ནས་རྟ་རེ། ཕཊ་རེ་བྱས་ནས་མཛོ་རེ་ལེན་གྱིན་ཡོན་བདག་གི་སྒོ་དྲུང་འགྲིམ། མི་ཀླད་མེད་ཚོས་ཞབས་པད་བཏེགས་ཙ་ན་ཐུགས་རྒྱལ་ཆེར་སོང་། དངུལ་རྒྱབ་ཁུར་མང་པོ་སྒྲོམ་བུར་བསགས་ཀྱིན་བསགས་ཀྱིན་སྐུ་ཚེ་ཐམས་ཅད་ཆོས་བརྒྱད་ལ་དྲིལ་ཏེ་མྱ་ངན་ལས་འདས་པའི་ཐ་སྙད་བརྗོད་པ་ན་ཐུགས་གཙིགས་ཆེ་བའི་དཔལ་འབྱོར་ལ་བརྩེ་བར་དགོངས་ཏེ་གསེར་ཞྭ་རྟ་བེར་གྱི་བདག་ཉིད་ཆེན་པོ་མཐུ་ལྡན་དྲེགས་པའི་སྐུར་བཞེངས་པ་ལ་ལྟོས། འཇིག་རྟེན་གྱི་བྱ་བ་ལ་ཞེན་པའི་འབྲས་རྟགས་མི་ཤེས་པ་ཁ་མེད་དུ་གདའ། རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་ཡིན་ཟེར། རྒྱལ་ཁམས་ཕྱོགས་མེད་དུ་འགྲིམ། སྦྱིན་བདག་ཤིན་ཏུ་མང་། མངོན་ཤེས་དང་རྫུ་འཕྲུལ་ཆེན་པོ་སྟོན། ལྟ་སྟངས་ནམ་མཁའ་ལ་སྒྲིལ། དད་ཟས་དང་འབུལ་ནོར་བྲག་ཕུག་ཏུ་བསགས་ནས། སྐུ་ཚེ་བཏང་མ་ཐག་གྲོང་ཉུལ་མྱུར་མགྱོགས་ཅན་དུ་འགྲོ་བ་ལ་ལྟོས། ཆོས་བརྒྱད་དབང་ཆེ་བའི་རྟགས་མཚན་ཅིའི་ཕྱིར་མི་མཐོང་། ད་ཚུལ་དེ་ལེགས་པར་བསམས་ནས་ཚེ་འདི་བློས་བཏང་། གྱོང་ལྟོ་གོས་གཏམ་གསུམ་ལ་སྐུར། དགྲ་གཉའ་རེང་དུ་བཏང་། ཞིང་ཐ་རེང་དུ་བཞག་ནས། མཐོན་པོའི་ངོ་དགའ། དམའ་མོའི་སྐྱོང་བྲན། མཉམ་པོའི་ཁ་འཛིན་ཐམས་ཅད་ཆམ་གྱིས་བཞག་སྟེ། མི་མེད་ཀྱི་ལུང་སྟོང་སྐམ་པོར་སོང་ལ་སྡོད་ཅིག  །ལུང་སྟོང་སྐམ་པོ་ན་འདུལ་རྒྱུའི་དགྲ་མི་འདུག  །བསྐྱང་རྒྱུའི་གཉེན་མི་འདུག །ལྗོན་ཤིང་དང་བྲག་རིས་ནི་འགྲས་མི་གསོག །བྱ་དང་རི་དྭགས་ཀྱིས་འགྲས་མི་གསོག །རྩ་ལྗང་དང་ཆུ་ཀླུང་གིས་ནི་འགྲས་མི་གསོག་ན་ཅིའི་ཕྱིར་མི་བདེ། བྱ་དང་རི་དྭགས་ནི་འགྲོགས་ན་བདེ་བ་ལགས་ཏེ། གཏམ་གྱི་ལན་འཇལ་མི་དགོས། མགུ་འཁང་དང་ཆགས་སྡང་མི་དགོས། སྔ་དྲོ་མཛའ་བོར་ཡོད་བཞིན་དུ་ཕྱི་དྲོ་དགྲར་སྡང་བའི་བྱིས་པ་དང་མི་འདྲ། བྱ་དང་རི་དྭགས་ནི་གྲོགས་བཟང་པོ་ལགས་ཏེ། ཟས་བགོ་དང་ནོར་བགོ་མི་དགོས། ངོ་བསྲུང་དང་ཡུས་ཆེ་མི་ཡོང་། ཕན་པ་བརྒྱ་འཇལ་བ་གནོད་པ་གཅིག་གིས་འཇོམས་པའི་བྱིས་པ་དང་མི་འདྲ། བྱ་དང་རི་དྭགས་ནི་ཆོས་མཐུན་གྱི་གྲོགས་པོ་ལགས་ཏེ། འདུས་ནས་སོ་སོར་གྱེས་ཏེ་འདུས་མཐའ་འབྲལ་ལོ་ཞེས་བརྡ་སྟོན། གང་བྱུང་དེ་ཉིད་དུ་སྤྱོད་པས་གསོག་འཇོག་སྤོངས་ཤིག་ཅེས་གཏམ་འདོམས། གཟའ་གཏད་མེད་པར་རྒྱུ་བས་ངེས་མེད་འགྲིམས་ཤིག་ཅེས་སྐུལ་མ་འདེབས། འཇིག་རྟེན་གྱི་བྱ་བ་བསྒྲུབ་ནས་འཁོར་བ་མཐའ་མེད་དུ་འགྲིམ་དུ་འཇུག་པའི་བྱིས་པ་དང་མི་འདྲ། བྱ་དང་རི་དྭགས་ནི་གེགས་མེད་ཀྱི་གྲོགས་པོ་ལགས་ཏེ། ཆགས་པ་དང་མཛའ་བོར་བདག་བཟུང་མི་བྱེད། འཁོན་པ་དང་ཁྲོས་པའི་ཞེ་འགྲས་མི་འགྲེམ། འདུག་ན་སྣེ་བཏོག །སོང་ན་གེགས་བྱེད་པའི་བྱིས་པ་དང་མི་འདྲ། མདོར་བསྡུ་ན་སྣ་ཐག་རང་མགོ་ལ་གཟད་དེ། རྡོ་བ་དང་ཤིང་ལོས་གང་བའི་ས་ཕྱོགས་སུ་ཆུ་དང་ལོ་མའི་འཚོ་བ་ལ་བསྟེན་པ་ཞིག་བཀའ་དྲིན་མི་ཆུང་བར་ཅི་ནས་ཀྱང་ཞུ་ཞུ་མཁྱེན་མཁྱེན་མཁྱེན་རེམ་རེམ་རེམ། །  ། །

47.2K