༄༅། །ཐོ་རངས་ལྡང་བའི་རྣལ་འབྱོར་བཞུགས་སོ། །

༄༅། །དང་པོ་ལྡང་བའི་རྣལ་འབྱོར་ནི། ཐོ་རངས་ཀྱི་སྐབས་སུ། སྣང་བ་ཐམས་ཅད་ཡེ་ཤེས་ལྔ་ལྡན་གྱི་ཐིག་ལེ་རང་འོད་འཁྲིགས་པའི་དབུས་ནས་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ཌཱ་རུ་དང་གཡེར་ཁ་དང་ཡི་དམ་གྱི་སྔགས་སྒྲ་སྒྲོག་པས་གཉིད་ལས་སད་པར་མོས་ལ། ལུས་དྲང་པོར་བསྲངས། རླུང་རོ་ལན་གསུམ་བསལ། ཆོས་ཐམས་ཅད་རང་བཞིན་སྐྱེ་འགག་གནས་གསུམ་མེད། འགྲོ་འོང་དམིགས་པ་མེད་པའོ་ཞེས་དྲན་པར་བྱས་ལ་རིག་པ་ནམ་མཁར་གཏད་དེ་མི་རྟོག་པའི་ངང་དུ་ཅི་གནས་སུ་བཞག་པས་རིག་པ་དྭངས་སྙིགས་ཕྱེད། རྟོག་ཚོགས་ཆོས་སྐུར་འཆར་རོ། །རྫོགས་ཆེན་པ་ཡིན་ན་ལུས་གནད་སེང་གེའི་འདུག་སྟངས་བྱ། ཧ་ཞེས་དབུགས་རིང་བ་གསུམ་བུས་ལ་ཕྱིར་འཛིན་བྱ་བའི་ཚེ། སྔར་ཉལ་དུས་སྙིང་པདྨ་དམར་པོ་འདབ་བཞིའི་ནང་དུ་ཨ་ཡིག་དཀར་པོ་འོད་འབར་བ་བསྒོམས་པ་དེ་ཚངས་བུག་ནས་རྒྱངས་ཀྱིས་ཐོན། སྤྱི་བོའི་འདོམ་གང་ཙམ་གྱི་ནམ་མཁར་ལིང་ངེར་འདུག་པ་ལ་སེམས་གཏད་པས་མི་རྟོག་པའི་ཡེ་ཤེས་འཆར་རོ། །དེའི་ངང་ལས་རང་ལུས་ཡི་དམ་ལྷ་སྐུ་སྒྱུ་མའི་ཚུལ་ཅན་དུ་ལམ་གྱིས་གསལ་གདབ་ཅིང་སྣང་བ་ཐམས་ཅད་ལྷའི་རང་བཞིན་ཏུ་བལྟས་ལ། སེམས་ཅན་ཐམས་ཅད་འཁོར་བའི་མལ་ནས་ལྡང་བར་གྱུར་ཅིག །སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག །ཅེས་བརྗོད། དེས་འཁྲུལ་སྣང་ལྷར་འཆར་བའི་རྟེན་འབྲེལ་འགྲིག་གོ། །རླུང་འཇུག་གནས་ལྡང་གསུམ་རྩ་བའི་ཡི་དམ་གྱི་སྔགས་དང་སྦྱར་བའམ། སྤྱི་ཙམ་དུ་འཇུག་པ་ཨོཾ། གནས་པ་ཨཱཿ དབྱུང་བ་ཧཱུྃ་དུ་དྲན་པའི་བརྡ་འགྱུར་རྡོར་བཟླས་ཅི་ནུས་བྱས་པས་ངག་རླུང་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་དག་པར་འགྱུར་རོ། །དེ་ནས་ཉི་མ་དེ་རིང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་ཅི་ནས་ཀྱང་མ་བྲལ་བ་བྱའོ་སྙམ་པའི་འཕེན་པ་ཤུགས་དྲག་པོ་བཏང་། དེ་ནས་རྙིང་མ་ཡིན་ན་གཡོན་པའི་མཐེབ་སྲིན་ཐབས་ཤེས་ཀྱི་སྦྱོར་བས་བདུད་རྩི་ཆོས་སྨན་བླངས་ལ་ལྕེ་རྡོ་རྗེ་ཧཱུྃ་གིས་མཚན་པར་གྱུར་པ་བསམ་ལ་མྱོང་། གསར་མ་ཡིན་ན་ཀ་པཱ་ལ་ཆང་དང་བདུད་རྩི་རིལ་བུ་སྦྱར་བ་མདུན་ཏུ་བཞག་པ་རྩ་བའི་ཡི་དམ་གྱི་གཞུང་ལྟར་བྱིན་བརླབ་བྱ། མི་ལྕོགས་པའམ་མདོར་བསྡུ་དགོས་པའི་སྐབས་སུ་བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས་གསུངས་པ་ལྟར། ཨོཾ་ཨཱཿཧཱུྃཧཧོཿཧྲཱིཿ ལན་གསུམ་བརྗོད་པས་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་མོས་ལ་གོང་སྨོས་ལྟར་མྱང་། དེ་ནས་བཟླས་བརྗོད་ཁ་ཏོན་ལ་གཙོར་བྱེད་པ་རྣམས་ཀྱིས་ངག་བྱིན་བརླབ་རྒྱས་པར་སྤྲོ་ན། བླ་མ་དགོངས་འདུས་ཀྱི་བཟླས་བརྗོད་ནུས་པ་སྟོབས་སྐྱེད་ལྟར་བྱ་བའམ། ཡང་ན། མཁས་གྲུབ་ཁྱུང་པོའི་གདམས་ངག་ལས་འབྱུང་བ་འདི་ཉིད་བྱ་སྟེ། རང་ཉིད་ཡི་དམ་ལྷར་གསལ་ལྕེ་ཡི་སྟེང་། །ཨ་ལས་ཟླ་སྟེང་ཨ་དཀར་འོད་འབར་བའི། །མདུན་ནས་གཡས་བསྐོར་ཨོཾ་དང་དབྱངས་ཡིག་དཀར། །དེ་རྒྱབ་གསལ་བྱེད་སྭཱཧཱ་གཡོན་བསྐོར་དམར། །དེ་རྒྱབ་རྟེན་འབྲེལ་སྙིང་པོ་གཡས་བསྐོར་སྔོ། །དེ་ལས་འོད་འཕྲོས་རྩ་གསུམ་མཆོག་གསུམ་གྱི། །བྱིན་རླབས་ལྷ་སྔགས་འོད་ཟེར་རྣམ་པར་བསྡུས། །སླར་ཡང་འོད་འཕྲོས་གྲུབ་པ་རིག་འཛིན་དང་། །དྲང་སྲོང་བདེན་གྲུབ་རྣམས་ཀྱི་ངག་ནུས་མཐུ། །ཡིག་འབྲུའི་ཚུལ་བསྡུས་ལྕེ་ལ་ཐིམ་པར་གྱུར། །ཡི་དམ་ལྷ་སྔགས་ཀྱི་གཤམ་དུ། །ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་སྭཱཧཱ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བ་ཧེ་ཏུནྟེ་ཥནྟ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝ་བཱ་དཱི་མཧཱ་ཤྲ་མ་ཎཿསྭཱཧཱ། དབྱངས་གསལ་རྟེན་སྙིང་རྣམས་སྦྲེལ་མར་ལན་གསུམ་མམ་བདུན་ནམ་ཉེར་གཅིག་ཙམ་ལོངས་ཁྱབ་དང་སྦྱར་ལ་བཟླས་མཐར། སྔགས་ཕྲེང་ཟླ་བ་རིམ་ཞུ་ཨ་ལ་ཐིམ། །དེ་ཡང་བདུད་རྩི་དཀར་དམར་རྣམ་པར་ཞུ། །ལྕེ་ལ་ཐིམ་པས་ནུས་པའི་སྟོབས་ལྡན་གྱུར། །བདག་གི་ལྕེ་ཡི་དབང་པོ་ལ། །བདེ་གཤེགས་སྤོབས་པ་ལྡན་པར་ཤོག །ཚིག་གི་གཟི་བརྗིད་མཐུ་དེས་ནི། །སེམས་ཅན་ཐམས་ཅད་འདུལ་བར་ཤོག །བདག་གིས་ཚིག་ནི་ཅི་སྨྲས་པའི། །དོན་དེ་ཐམས་ཅད་འགྲུབ་པར་ཤོག །ཅེས་བརྗོད། འདི་ནི་གདམས་ངག་སྤྱི་དང་ཁྱད་པར་ཨོ་རྒྱན་རིན་པོ་ཆེ། ཕ་དམ་པ་རྣམས་ཀྱིས་ཆེད་དུ་གདམས་ཤིང་སྨོན་ལམ་སངས་རྒྱས་ཀྱི་བཀའོ། །འགྱུར་སྔགས་ཀྱི་རིགས་མང་ཡང་ལྕོགས་དཀའ་བས། ཨོཾ་སམྦྷ་ར་སམྦྷ་ར་བི་མཱ་ན་སཱ་ར་མཧཱ་ཛམྦྷ་ཧཱུཾ། ཨོཾ་སྨ་ར་སྨ་ར་བི་མཱ་ན་སྐ་ར་མཧཱ་ཛ་བ་ཧཱུཾ། ཞེས་སྦྲེལ་མར་ལན་བདུན་བཟླས་པས་དེ་ཉིན་བཟླས་བརྗོད་བྱས་ཚད་གྲངས་མེད་དུ་འགྱུར་རོ། །གཞན་ཡང་། ཨོཾ་རུ་ཙི་ར་མ་ཎི་པྲ་བརྔྷ་ནཱ་ཡ་སྭཱཧཱ། ཧྲཱིཿབཛྲ་ཛི་ཧཱ་མནྟྲ་ངྷ་ར་བརྔྷ་ནི་ཨོཾ། ཞེས་པའང་བདུན་ནམ་གསུམ་བཟླས་པས་སྔགས་ཀྱི་ནུས་པ་འབུམ་དུ་སྐྱེད་པར་གསུངས། ཡི་དམ་གྱི་བཟླས་པའི་ཐོག་མར་འདི་དང་དབྱངས་གསལ་རྟེན་སྙིང་བཅས་བཟླས་པས་ཕྲེང་བ་བྱིན་གྱིས་བརླབས་པ་དང་། སྐབས་སུ་ཁ་ཟས་ལའང་བཏབ་གྲུབ་ན་ནུས་པའི་མཐུ་སྐྱེད་པར་གསུངས་སོ། །དྲི་མེད་རྡོ་རྗེའི་གཏེར་མ་དུང་འགྱུར་ཟ་ཡིག་བརྟེན་ན་སྔགས་དམིགས་ཁྱད་པར་བ་དང་བཅས་སྐབས་འདིར་བརྟེན། དེ་ནས་དལ་འབྱོར་རྙེད་དཀའ་སོགས་ཐུན་མོང་གི་སྔོན་འགྲོ་བཞི་པོས་ངེས་འབྱུང་བསྐྱེད་ཅིང་བློ་ཆོས་ལ་བསྐུལ། སྐྱབས་སེམས་ཚད་དུ་ལོངས་པ་དང་། རྡོར་སེམས་བསྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར་ཏེ་ཐུན་མིན་སྔོན་འགྲོ་རྣམས་སོ་སོའི་དམིགས་སྒོམ་རྡོ་རུས་འཕྲོད་པར་བྱ། ཁྱད་པར་བླ་མའི་རྣལ་འབྱོར་སྤྱི་དང་བྱེ་བྲག་ལ་གནད་དུ་བསྣུན་པའི་མཐར།  རྫོགས་ཆེན་རྣལ་འབྱོར་སྐབས། སྤྱི་བོར་བླ་མ་གསལ་བཏབ་ལ་རང་ཉིད་འོད་དུ་ལྟེམ་གྱིས་ཞུ་འོད་ལྔའི་གོང་བུར་གྱུར་པ་རྒྱངས་ཀྱིས་སོང་། བླ་མའི་ཐུགས་ཀར་ཐིམ། བླ་མ་ཡང་ཇེ་མཐོར་གཤེགས་པའི་མཐར་འོད་གསལ་གྱི་དབྱིབས་སུ་ཡལ་བར་བསམ་ལ་ཅིའང་ཡིད་ལ་མི་བྱེད་པའི་ངང་དུ་དར་ཅིག་བཞག །དེ་ལ་དགོས་པ་ཚད་མེད་པ་ཡོད་དོ། །

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཐུན་མཚམས་རྣལ་འབྱོར་ལ་ཉེ་བར་མཁོ་བ་གསར་རྙིང་གི་གདམས་ངག་སྙིང་པོ་བསྡུས་པ་དགོས་པ་ཀུན་ཚང་ལས་བཏུས།

47.2K