༄༅། །རྩ་གསུམ་བདེ་གཤེགས་འདུས་པའི་ཤིས་བརྗོད་དགེ་ལེགས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

༄༅། །བཀྲ་ཤིས་གང་ཞིག་སྐུ་དང་ཡེ་ཤེས་རྒྱ་མཚོའི་དངོས། །གཟོད་ནས་རབ་ཞི་རྣམ་ཀུན་མཆོག་ལྡན་འོད་གསལ་དབྱིངས། །གདོད་མའི་མགོན་པོ་ཀུན་བཟང་བླ་མ་མཚོ་སྐྱེས་རྗེའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྣང་ཆ་བདེ་ཆེན་ཐོད་ཕྲེང་རྩལ། །སྟོང་ཉིད་ཤེས་རབ་མནྡ་ར་བར་མཉམ་སྦྱོར་བའི། །བརྟན་གཡོ་ཀུན་ཁྱབ་ལོངས་སྤྱོད་ཡོངས་རྫོགས་ཧེ་རུ་ཀའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྤྲོས་བྲལ་ངང་ལས་མ་གཡོས་ཀྱང་། །རྣམ་པ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅན། །སྣ་ཚོགས་ཞིང་དུ་སྤྲུལ་པའི་བཀོད་པ་མཐའ་ཀླས་པའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་བླ་མ་ཀུན་འདུས་པདྨ་འབྱུང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ཡོངས་ཀྱི་འཁོར་ལོས་སྒྱུར། །གྲངས་མེད་དཔའ་བོ་མཁའ་འགྲོ་རྒྱ་མཚོ་ཚོགས་ཀྱི་རྗེའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཁྱེད་སྐུ་མཐོང་བས་མཆོག་དངོས་འགྲུབ། །མཚན་ཙམ་འཛིན་པས་ཐུན་མོང་དངོས་གྲུབ་ཆར་དུ་འབེབས། །དྲན་པ་ཡིས་ཀྱང་མི་མཐུན་རྒུད་པ་འཕྲོག་མཛད་པའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཁའ་དབྱིངས་ཁྱབ་པའི་མཆོད་སྤྲིན་དབུས། །མཚོ་སྐྱེས་བླ་མ་རིག་འཛིན་ཌཱ་ཀིའི་ཚོགས་བཅས་ཀྱིས། །མེ་ཏོག་ཆར་འབེབས་ཤིས་པའི་ཚིག་གིས་དབུགས་དབྱུང་བའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་གནས་སྐབས་རྣམ་བཞིའི་ཕྲིན་ལས་ཀྱིས། །བདག་གཞན་འགྲོ་ཀུན་ཕན་བདེའི་འབྱོར་བ་རབ་རྒྱས་ཤིང་། །མཐར་ཐུག་འོག་མིན་པདྨ་དྲྭ་བའི་ཞིང་ཁམས་སུ། །འཆི་མེད་སྐུ་གསུམ་གོ་འཕང་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱི་བློ་གྲོས་གཞོན་ནུའི་ཆུ་གཏེར་ལས་བྱུང་བའི་ཚིག་གི་སྣང་བ་སྟེ། འདིས་ཀྱང་དགེ་ལེགས་ཤིས་པའི་པདྨོ་མཆོག་ཏུ་རྒྱས་པར་གྱུར་ཅིག །

47.2K