༄༅། །དཔལ་ལྡན་བླ་མ་དམ་པར་མཉེས་པ་ཚུལ་བཞིན་འགྲུབ་པའི་སྨོན་ལམ་བླ་མ་ལྔ་བཅུ་པའི་བསྡུས་དོན་དང་འབྲེལ་བ་མདོ་སྔགས་ཀུན་གྱི་ཡང་སྙིང་ཞེས་བྱ་བ་བཞུགས་སོ། །

༄༅། །ལེགས་པའི་ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །དུས་གསུམ་རྒྱལ་བ་སྲས་བཅས་སྐྱེད་པའི་ཡབ། །སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རིགས་བརྒྱའི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་། །སྙིགས་དུས་སློབ་དཔོན་གཟུགས་སུ་རྣམ་པར་རོལ། །མཁྱེན་བརྩེ་ནུས་པའི་མངའ་བདག་ཆོས་ཀྱི་རྗེ། །ཐར་པའི་ལམ་འདྲེན་དེ་ལ་གུས་པས་འདུད། །མ་རིག་མུན་སེལ་ཉིན་མོར་བྱེད་པ་སྟེ། །ཉོན་མོངས་གདུང་སེལ་ཟླ་བའི་དཀྱིལ་འཁོར་མཆོག །དགོས་འདོད་ཀུན་འབྱུང་ནོར་བུ་རིན་པོ་ཆེ། །བདེ་ཆེན་སྲོག་སྟེར་བདུད་རྩིའི་རྒྱ་མཚོ་ཉིད། །ཕྱོགས་བཅུའི་རྣམ་འདྲེན་སློབ་མར་བཅས་པས་ཀྱང་། །ཁྱོད་ལ་མཆོད་ཅིང་བསྙེན་ཏེ་ཀུན་ནས་བསྔགས། །ཁྱོད་ཀྱིས་བཟུང་རྣམས་གཏན་བདེའི་དཔལ་ལ་སྦྱོར། །ངན་འབྲེལ་ཙམ་ཡང་འཁོར་བ་མཐའ་ཅན་མཛད། །ཁྱེད་ལ་མ་བརྟེན་ཐར་པ་ཡོངས་མེད་པས། །དུས་དང་ཕྱོགས་དང་རྣམ་པ་ཐམས་ཅད་ནས། །མོས་གུས་བསམ་མི་ཁྱབ་པ་སྐྱེ་བ་དང་། །མཉེས་པ་ཚུལ་བཞིན་འགྲུབ་པར་བྱིན་གྱིས་རློབས། །དབང་བསྐུར་མཆོག་ཐོབ་རྡོ་རྗེ་སློབ་དཔོན་ལ། །འཇིག་རྟེན་འདྲེན་པས་དུས་གསུམ་ཕྱག་མཛད་ན། །མགོན་མེད་བྱིས་པས་སྨོས་ཀྱང་ཅི་ཞིག་འཚལ། །སྒོ་གསུམ་གུས་པས་རྟག་ཏུ་འདུད་གྱུར་ཅིག །མཆོག་ལ་མཉེས་པ་དུ་མས་བསྙེན་བཀུར་ཞིང་། །བླ་མ་ཁྱིམ་པའམ་ནི་གསར་བུའང་རུང་། །དུས་སྐབས་ཕྱེད་པས་དངོས་བརྒྱུད་སྲི་ཞུ་ཡིས། །ནམ་ཡང་མི་མཉེས་སྐད་ཅིག་མི་སྒྲུབ་ཤོག །དམ་ཚིག་རྩ་བ་སློབ་དཔོན་སློབ་མ་ཡི། །འབྲེལ་བ་བརྟག་ལ་རྣམ་དཔྱོད་བློ་ཐོབ་ཅིང་། །བརྩེ་མེད་འདོད་ཁྲོ་ཁེངས་པའི་དབང་གྱུར་སོགས། །མི་དགེའི་བཤེས་དང་སྐྱེ་ཀུན་མི་འཕྲད་ཤོག །བརྟན་དུལ་བློ་གྲོས་ལ་སོགས་ཐུན་མོང་དྲུག །སྔགས་རྒྱུད་སྦྱོར་བ་ཤེས་སོགས་ཁྱད་པར་གྱི། །མཚན་ཉིད་དགུ་ཚང་དཔལ་ལྡན་བླ་མ་ཉིད། །རྙེད་ནས་འབྲལ་བ་མེད་པར་བསྟེན་པར་ཤོག །སློབ་དཔོན་བརྙས་ན་སངས་རྒྱས་ཀུན་ལ་བརྙས། །མཐོང་ཆོས་སྡུག་བསྔལ་ཕྱི་མ་དམྱལ་མེས་སྲེག །གུས་མཆོད་འདི་གཏན་བདེ་བའི་དཔལ་ལ་སྦྱོར། །དེ་བས་བསྟེན་ཚུལ་ཕྱིན་ཅི་མ་ལོག་ཤོག །ཚེ་འདིར་བྱང་ཆུབ་སྩོལ་མཛད་བླ་མ་རྗེར། །ལུས་སྲོག་ལོངས་སྤྱོད་ཀུན་གྱིས་བསྟི་སྟངས་སྒྲུབ། །དམ་ཚིག་ལེགས་སྲུང་བླ་མས་བཞེད་པའི་དངོས། །ཅུང་ཟད་གང་མཆིས་ཞེན་མེད་འབུལ་ནུས་ཤོག།།བླ་མ་མཆོད་པས་རྒྱལ་ཀུན་མཆོད་ཅིང་མཉེས། །བསོད་ནམས་ཚོགས་རྫོགས་དངོས་གྲུབ་མཆོག་ཐོབ་ཕྱིར། །ལྷ་དང་བླ་མ་དབྱེར་མེད་རྡོ་རྗེ་འཆང་། །གཅིག་ཏུ་ངེས་པས་སྐྱབས་གཞན་མི་འཚོལ་ཤོག །སྐུ་ཡི་གྲིབ་མ་འགོམ་ཡང་སངས་རྒྱས་ཀྱི། །མཆོད་རྟེན་བཤིགས་འདྲའི་སྡིག་པ་ཐོབ་པས་ན། །བཞོན་པ་ཉེར་སྤྱད་ལ་སོགས་ནམ་དུ་ཡང་། །མི་སྤྱད་མི་འགོང་གཙང་སྦྲ་ལྷུར་ལེན་ཤོག །དངོས་གྲུབ་འབྱུང་གནས་བླ་མས་བགོ་བ་ཡི། །བཀའ་ལས་མི་འདའ་གང་གསུངས་འབད་པས་སྒྲུབ། །མི་ནུས་ངེས་པ་ཚིག་གི་ཞུ་གསོལ་གྱིས། །གནང་བའི་སྐབས་ཕྱེད་ཟུར་ཙམ་མི་གཅོག་ཤོག །བླ་མའི་རྫས་ནི་སྲོག་བཞིན་བསྲུང་བ་དང་། །བླ་མའི་ཐུགས་ཟིན་བླ་མ་ཉིད་བཞིན་བཀུར། །བླ་མའི་འཁོར་ཡང་རང་གི་གཉེན་དུ་ལྟ། །ཉོན་མོངས་དབང་གིས་སྡིག་པ་མི་གསོག་ཤོག །སྤྱན་སྔར་མི་འོས་པ་དང་མ་གུས་པའི། །བྱ་བ་ངན་པ་གཞར་ཡང་མི་བྱེད་ཅིང་། །འོས་ཤིང་གུས་བཅས་བཀའ་བཞིན་རྗེས་སྒྲུབ་པའི། །སྤྱོད་ལམ་ང་རྒྱལ་མེད་པས་བཀུར་བར་ཤོག །བླ་མ་བཞུགས་པའི་ཡུལ་དུ་མ་གནང་བཞིན། །སློབ་དཔོན་ལས་དང་བླ་མའི་སྤྱན་སྔ་རུ། །རང་ལ་གུས་མཆོད་དང་དུ་ལེན་སྤངས་ནས། །གུས་པས་བླ་མ་ཉིད་ལ་མཆོད་ནུས་ཤོག །བདག་ཉིད་དྲན་བརྩོན་དྲག་པོས་མི་ཉམས་ཤིང་། །མཆེད་ལྕམ་བླ་མའི་བྱ་བ་ཚུལ་བཞིན་དུ། །སྒྲུབ་ལས་འདས་ཚེ་དགའ་ཞིང་སྙན་པ་ཡིས། །བཟློག་ནས་བརྟུལ་ཞུགས་མཆོག་ལ་འགོད་པར་ཤོག །ནད་ཀྱིས་གཟིར་སོགས་རང་དབང་མ་གྱུར་པས། །གནང་བ་མ་ཐོབ་བཀཀ་པ་སྤྱད་དགོས་ཀྱང་། །གུས་བཅས་དགེ་བའི་ཡིད་དང་མ་བྲལ་བས། །རྣམ་སྨིན་རྩུབ་མོའི་རྒྱུ་རུ་མི་འགྱུར་ཤོག །མདོར་ན་དངོས་གྲུབ་སློབ་དཔོན་རྗེས་འབྲང་ཕྱིར། །བླ་མ་དགྱེས་བྱེད་གང་ཡིན་རྟག་ཏུ་སྒྲུབ། །མི་མཉེས་བྱེད་ཀུན་དུག་ལྟར་སྤངས་ནས་སུ། །ཐུགས་ཡིད་གཅིག་འདྲེས་མྱུར་དུ་འཚང་རྒྱ་ཤོག །མཐའ་ཡས་འགྲོ་རྣམས་དཔལ་ལྡན་བླ་མ་ཡིས། །རྗེས་བཟུང་ཀུན་གྱིས་མཉེས་པ་ཚུལ་བཞིན་སྒྲུབ། །དཀའ་བ་མེད་པར་རྡོ་རྗེ་འཛིན་པ་ཡི། །གོ་འཕང་མཆོག་ཐོབ་དོན་གཉིས་ལྷུན་གྲུབ་ཤོག །ཅེས་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་དཔལ་ལྡན་བླ་མ་བསྟེན་པའི་ཚུལ་རྡོ་རྗེ་འཆང་གི་རྒྱུད་ལུང་བཞིན་འགྲུབ་པའི་སྨོན་ལམ་བླ་མ་ལྔ་བཅུ་པའི་བསྡུས་དོན་དང་འབྲེལ་བ་ཞིག་དགོས་ཞེས། རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པའི་ཐུགས་ཟིན་གྱི་སློབ་མ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་བསྐུལ་བ་ལྟར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་སྒྲུབ་ཁང་ཆེན་མོ་སྒྲུབ་བརྒྱུད་དར་རྒྱས་གླིང་དུ་བྲིས་པ་དགེ་ལེགས་འཕེལ། །

རྩོམ་སྒྲིག་པ། ཀློང་གསལ།

47.2K