༄༅། །རྡོ་རྗེ་གྲོ་བོ་ལོད་ཀྱི་བསྙེན་ཡིག་རྟ་ལྗང་དབང་པོ་ཞེས་བྱ་བ་བཞུགས་སོ། །

རབ་འཇིགས་ཁྲོ་རྒྱལ་འཆོལ་བའི་སྟངས་སྟབས་ཀྱིས། །སྡེ་བརྒྱད་སྙིང་དབུགས་ལྐོག་མར་འབྱིན་བྱེད་པ། །རིག་འཛིན་བླ་མ་རྡོ་རྗེ་གྲོ་བོ་ལོད། །བསྙེན་ཐབས་རྟ་ལྗང་དབང་པོ་དེང་འདིར་ཤར། །དེ་ལ་འདིར་བྷྲཱུྃ་མཚན་རྡོ་རྗེ་རྭ་གདེངས་ཐོག་མདའི་རྒྱ་ཅན་གྱི་ནང་ཚན་རྡོ་རྗེ་གྲོ་བོ་ལོད་ཀྱི་བསྙེན་པ་བྱ་བ་ལ། གནས་ཡིད་དུ་འོང་བར་བྲིས་འབུར་གྱི་སྐུ་བཤམས། དེའི་མདུན་དུ་སྟེགས་བུ་དྲི་བཟང་པོས་ཆག་ཆག་བཏབ་པའི་ཁར་སྒྲུབ་གཏོར་དར་གྱི་ཅོད་པན་ཅན་སྐུ་རྟེན་ཙཀ་ལི་བཙུགས་པ། སྨན་རཀ །ཕྱི་ནང་གི་ཉེར་སྤྱོད། བཀའ་སྲུང་མ་གཟའ་རྡོར་གསུམ། བརྟན་མ་བཅུ་གཉིས། རྒྱལ་ཆེན་བཞི། བགེགས་ཀྱི་གཏོར་མ། གུ་གུལ། ཡུངས་ཀར། ཐོད་རྔ། རྡོར་དྲིལ་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱས། ཁ་ལྷོ་ནུབ་ཏུ་བལྟ་བའི་གདན་འོག་ཏུ་གཡུང་དྲུང་རིས་འབྲི་བ་དང་། གཞི་བགེགས་ལ་བཀའ་བསྒོ། མཚམས་གཅོད་རྒྱལ་ཆེན་ཐོ་འཛུག་རྣམས་གཞན་དང་འདྲ། ལས་བྱང་གཞུང་བསྲང་། ཚོགས་འཁོར་བརྟན་སྐྱོང་དཀྱུས་བཞིན་བྱ། ངག་དང་ཕྲེང་བ་བྱིན་གྱིས་བརླབ། དེ་ནས་ལྷ་ལ་སེམས་གཏད་རྣམ་པ་གསལ་བ་དང་། །རྩེ་གཅིག་དངོས་སུ་ལྟ་བའི་ང་རྒྱལ་གྱིས། །ཞེས་པའི་དོན་བཞིན་རང་ལུས་མངོན་རྟོགས་ལས་འབྱུང་བ་བཞིན་ལྷའི་རྒྱན་ཆ་ལུགས་ཕྱག་མཚན་སོགས་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་གསལ་ལ་དྭངས་པ་བྲིས་པ་དང་ལྡེར་བཟོ་ལྟ་བུའི་གདོས་བཅས་མ་ཡིན་པ། རང་དང་ལྷ་ཐ་དད་པར་རྟོག་བཏགས་ཀྱི་མོས་བློས་ཙམ་མ་ཡིན་པའི་རང་རིག་དོན་གྱི་པདྨ་ཐོད་ཕྲེང་རྩལ་གདོད་མ་ནས་ཡོད་པ་རང་ངོ་འཕྲོད་པའི་རྡོ་རྗེ་གྲོ་བོ་ལོད་དངོས་དེ་ཡིན་སྙམ་པའི་ང་རྒྱལ་བརྟན་པོ་དང་ལྡན་པའི་ངང་ནས། ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པ་དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་རིག་པ་དབང་དྲག་ལྷུན་གྱིས་གྲུབ་པའི་བརྡར་ཧཱུྃ་སྨུག་ནག་གི་མཐར་ཡི་གེ་བཅོ་ལྔ། དེའི་ཕྱི་རོལ་དུ་བཅོ་བརྒྱད་པ། དེའི་ཕྱི་མར་དྲེགས་པ་གཟིར་སྔགས་རྣམས་ཁ་དོག་དམར་སྨུག་གཡས་སྐོར་དུ་འཁོར་བའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཇའ་ཚོན་ལྟ་བུ་བུན་གྱིས་འཕྲོས། ལུས་ཀྱི་ནང་གང་སྡིག་སྒྲིབ་བག་ཆགས་ནད་གདོན་བར་ཆད་ཐམས་ཅད་སྦྱངས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག །དེ་དག་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། འགྲོ་བ་ཀུན་གྱི་ཚེ་དང་བསོད་ནམས་མཐུ་སྟོབས་ནུས་པ་ཐམས་ཅད་རང་ལ་ཐིམ་པས་གཟི་བརྗིད་དང་བཀྲག་མདངས་ཇེ་ཆེར་སོང་། སླར་ཡང་ཐུགས་ཀ་ནས་འོད་ཟེར་ཉི་མ་འབུམ་དུས་གཅིག་ལ་ཤར་བ་ལྟར་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ་ཕོག་པས་གདུག་རྩུབ་ནུས་སྟོབས་ཐམས་ཅད་མུན་ཁང་ལ་སྒྲོན་མེ་བཏེགས་པ་ལྟར་སོང་ནས་ཟིལ་གྱིས་མནན། སླར་ཡང་འོད་ཟེར་དཔག་ཏུ་མེད་པའི་སྣེ་ལ་མཆོད་པའི་ལྷ་མོ་སྤྲོས་ཏེ་དུས་གསུམ་གྱི་རྒྱལ་བ་ཞི་ཁྲོ་སྲས་བཅས་དཔའ་བོ་མཁའ་འགྲོ་ཉན་རང་སོགས་སྐྱབས་གནས་ཀྱི་ཡུལ་དུ་གྱུར་པ་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་མཆོད་པས་ཟག་མེད་བདེ་ཆེན་ཉིད་དང་དགྱེས་པར་རོལ། དེ་དག་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་དབང་དྲག་གྲོ་བོ་ལོད་ཀྱི་སྐུ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་བཞིན་བབས་ཏེ་རང་ལ་ཐིམ། བྱེ་བྲག་བདེ་བ་ཅན་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ལྷོ་ནུབ་རྔ་ཡབ་དཔལ་རིའི་རྩེ་མོ་ནས་སློབ་དཔོན་པདྨ་ཐོད་ཕྲེང་རྣམ་འགྱུར་མཚན་བརྒྱད་རིག་འཛིན་བརྒྱུད་པའི་ཚོགས་དང་བཅས་པའི་བྱིན་རླབས་ཀྱང་གོང་ལྟར་བསྟིམས་པས་ལུས་ལྷ། ངག་སྔགས། ཡིད་ཆོས་ཉིད་ཀྱི་དཀྱིལ་འཁོར། གཞི་དུས་ནས་རང་ཆས་སུ་ཡོད་པ་གསལ་བཏབ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་སྔར་ལས་ཀྱང་ཇེ་ཆེར་སོང་། སླར་ཡང་འོད་ཟེར་གྲངས་མེད་པ་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྣོད་ཀྱི་འཇིག་རྟེན་མ་ལུས་གཞལ་ཡས་ཁང་། བཅུད་ཀྱི་རྒྱུད་ལྔའི་འགྲོ་བ་མཐའ་དག་རིག་འཛིན་བླ་མའི་གོ་འཕང་ལ་བཀོད་ནས་རྡོ་རྗེ་གྲོ་བོ་ལོད་ཀྱི་སྐུར་གྱུར། སླར་ཡང་འོད་ཟེར་གྱི་སྣེ་ལ་ཁྲོ་མཚོན་མེ་ལྕེ་གློག་ལྟར་འཁྱུག་པ་མགར་གྱི་ཚྭ་ཚྭ་ལྟར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། སྟེང་འོག་བར་གསུམ་གྱི་གདོན་བགེགས་ལྷ་སྲིན་འབྱུང་པོ་ཐམས་ཅད་ལ་ཕོག་པས་བརྒྱལ་རེངས་མྱོས་བུབ་ཐལ་བའི་རྡུལ་དུ་བརླག །ལུས་ངག་ཡིད་གསུམ་མཐུ་སྟོབས་ནུས་པ་ཐམས་ཅད་མར་ལ་ལྕགས་བསྲེག་བཞིན་དུ་བྱས། དེ་དག་གི་སྲོག་ཡིག་རང་དབང་མེད་པར་བཀུག་སྟེ་ཧཱུྃ་གི་ཉི་གདན་ལ་བསྟིམས་པས་དབང་དུ་བསྡུས་ནས་དྲེགས་པ་ཐམས་ཅད་རྗེ་འབངས་ཇི་བཞིན་བྲན་དུ་བཀོལ། རིག་པ་རང་རྩལ་ལྷ་སྔགས་ཡེ་ཤེས་ཀྱི་ངར་ཆེན་པོ་དང་ལྡན་པའི་ངང་ནས་ཐུན་གྱི་ཆ་གསུམ་ཙམ་མང་ཉུང་གི་འགྲོས་དང་བསྟུན་ནས་བཟླ། ཆ་གཅིག་ཙམ་ལ་དྲག་པོ་ཧཱུྃ་གི་སྒྲུབ་པ་བྱེད་པའི་ཚེ། རང་གི་ཐུགས་ཀའི་ཧཱུྃ་ལས་ཡེ་ཤེས་ཀྱི་མེ་འབར་ཏེ་ལུས་ཀྱི་ཁོང་པའི་ནང་ཐམས་ཅད་གང་། ཐོག་མེད་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ནད་གདོན་ཐམས་ཅད་བྱ་སྒྲོ་ལ་མེ་ལྟར་གཞོབ་ཐུལ་གྱིས་ཚིག །སྟོང་གསུམ་གཡོ་བ་ཙམ་དུ་ཧཱུྃ་སྒྲ་སྒྲོག་པས་ཡེ་ཤེས་མེ་ལྕེ་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་ཐོན། འཇིག་རྟེན་ཀུན་བཀང་། རྒྱུད་ལྔའི་འགྲོ་བ་མཐའ་དག་གི་སྡིག་སྒྲིབ་སོགས་ལོག་པར་རྟོག་པའི་བག་ཆགས་ཐམས་ཅད་བསྲེག །དེ་རྣམས་དཔའ་བོ་མཁའ་འགྲོ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟ་བུ་ས་འོག་ས་སྟེང་ས་བླའི་ཁྱོན་མ་ལུས་པ་གང་བའི་ཞལ་ནས་ཀྱང་ཧཱུྃ་སྒྲ་དིར་དིར་སྒྲོག་པར་བསམ། དེ་ནས་དཔའ་བོ་མཁའ་འགྲོ་རྣམས་གར་སྟབས་བསྒྱུར་ཞིང་ཧཱུྃ་སྒྲ་དྲག་པོའི་ངར་དང་ལྡན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་འདེག་འདེག་ས་ཆེན་པོ་གཡོ་བ་ལྟ་བུར་གྱུར་པ་ཧཱུྃ་སྒྲས་སྟོང་གསུམ་གང་བ་དང་བཅས་པས་འཇིག་རྟེན་ཐམས་ཅད་རྩྭ་སྦུར་རླུང་གིས་ཁྱེར་བ་ལྟར་དབང་དུ་བསྡུས། མ་དག་འཁོར་བའི་གནས་རྣམས་དོང་ནས་སྤྲུགས་ཏེ་སྟོངས་པས་ཐམས་ཅད་རང་རིག་དོན་གྱི་བླ་མ་ཀུན་ཏུ་བཟང་པོའི་རང་ཞལ་མངོན་དུ་གྱུར་པར་བསམ་ལ་ཐུན་ཆ་བཞི་པའི་ཆ་གཉིས་ཙམ་ལ་རིག་པ་ངར་དང་ལྡན་པས་དྲག་པོ་ཧཱུྃ་གི་སྣང་གླུ་ལེན། ཆ་གཅིག་ལ་མདུན་དུ་ཨེ་ལས་གནམ་ལྕགས་འབར་བའི་ཁང་སྒྲོམ་ནག་པོའི་ནང་དུ་ཏྲི་ལས་སྒྲུབ་པ་ལ་བར་དུ་གཅོད་པའི་དམ་སྲི་སོགས་གནོད་བྱེད་འབྱུང་པོ་སྤྱི་དང་དམིགས་ཀྱིས་བསལ་བ་ཡོད་ན། དེ་དག་ཐམས་ཅད་ཕོ་ཉའི་ཚོགས་ཀྱིས་བཙོན་བཞིན་དུ་ཁྲིད། ལས་ཁུང་དུ་བཅུག་ཡན་ལག་ལྕགས་སྒྲོག་གིས་བསྡམས་པར་ཐུགས་ཀ་དང་སྐུ་ལས་འཕྲོས་པའི་འོད་ཟེར་མཚོན་ཆའི་ཆར་པས་གནོད་བྱེད་ཐམས་ཅད་དུམ་བུར་གཏུབ་ཅིང་གཟིར། ཡེ་ཤེས་ཀྱི་མེས་ལྷག་མ་མ་ལུས་པར་བསྲེག་པར་བསམ་སྟེ་གཟིར་སྔགས་བཟླ། འཁོར་རྣམས་ཀྱི་སོ་སོའི་ཐུགས་ཀར་ཉི་གདན་ལ་རང་རང་གི་ས་བོན་ཧཱུྃ་ཡ་ཧྲཱིཿཧཱུྃ་ཛཿཧཱུྃ་བཾ་ཧོཿ རང་མདོག་ལ་སོ་སོའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དཔག་ཏུ་མེད་པའི་སྣེ་ལ་མཆོད་པའི་ལྷ་མོ་ཞེས་ནས་པ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམ་པ་ཕྱག་རྡོར་སོགས་ལྷ་གང་ཡིན་གྱི་སྐུ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་ཞེས་པ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཇེ་ཆེར་སོང་བའི་བར་གོང་དང་འདྲ་བ་ལ། སྒོས་ཆོས་ཕྱག་རྡོར་ལ་འོད་ཟེར་མེ་ལྕེ་དང་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་འཕྲོས་གཟའ་དང་རྒྱུ་སྐར་སོགས་སྟེང་གདོན་གྱི་གདོན་བྱད་གནོད་པ་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་ལྟར་གཞོབ་ཐུལ་གྱིས་བསྲེགས། སྟེང་གདོན་རྣམས་ཀྱི་སྲོག་སྙིང་འོད་ཟེར་གྱི་རྣམ་པར་བཀུག །ཐུགས་ཀའི་ས་བོན་གྱི་གདན་ལ་བསྟིམ། གཤིན་རྗེ་ལ་ཕ་རོལ་བྱད་མ་མཁན་རྦད་འདྲེ་རྦོད་གཏོང་དེ་དག་གི་ནུས་པ། རྟ་མགྲིན་ལ་འོག་ཕྱོགས་ཀླུ་དང་ས་བདག་གི་གདོན་བྱད། མེ་དབལ་ལ་རྒྱལ་བསེན་དམ་སྲི་འབྱུང་པོ་སོགས་བར་གདོན། ལྕགས་ཀྱུ་མས་གནོད་བྱེད་ཐམས་ཅད་འགུགས་པ་སོགས་འཆིང་སྡོམ་མྱོས་པའི་དམིགས་པ་ཁ་བསྒྱུར་ནས་འཁོར་རྣམས་ཀྱི་སྔགས་བཟླ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སོགས། བཀའ་བརྒྱད་ལྟར་སྔགས་སྟོང་སྟོང་གི་མཚམས་སུ་ཡིད་བྱུང་གི་མཆོད་བསྟོད་དང་ཐུན་མཚམས་སུ་མཆོད་བསྟོད་དབྱངས་གསལ་ཞབས་བཏགས། སྣང་བ་མཐའ་ཡས་ཀྱི་ཡིག་བརྒྱས་ནོངས་པ་བཟོད་པར་གསོལ། དེ་ནས་རྟེན་བརྟེན་པ་རྣམས་ཀ་དག་གི་དབྱིངས་སུ་དར་གཅིག་མཉམ་པར་བཞག་པའི་ངང་ནས། ལྷུན་གྲུབ་སྣང་སྟོང་སྒྱུ་མ་ལྟ་བུས་གཙོ་བོའི་རྣམ་པར་ལངས་ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་ཅིང་བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས། ཐོག་མའི་ཐུན་གཅིག་པུ་འདི་མ་གཏོགས་ངག་ཕྲེང་བྱིན་རླབས་ཐོ་རངས་དང་། དབྱངས་གསལ་ཞབས་བཏགས་མ་སྲོད་ཐུན་ལ་སྦྱོར་བ་འཇུག་པ་བདེ། དགོང་མོའི་ཐུན་མཚམས་ལྟ་བུ་ལོང་ཆེ་བར་ཆོས་སྐྱོང་རྣམས་ལ་གསོལ་མཆོད་བྱེད། དེ་ལྟར་ཐུན་བཞིར་བཅད་དེ་ཡིག་འབྲུ་བཅོ་བརྒྱད་པ་བདུན་འབུམ། ཡིག་འབྲུ་བཅོ་ལྔ་པ་དང་གཟིར་སྔགས་ལ་ཆིག་འབུམ། ཕྱག་རྡོར་སོགས་བཞི་ལ་ཆིག་ཁྲི། སྒོ་མ་བཞི་ལ་སུམ་སྟོང་ཙམ་རེ་བཟླས་པས་གྲངས་ཀྱི་བསྙེན་པ་འགྲུབ་པོ། །སྒྲུབ་པ་ནི་སྟེགས་ཀྱི་ཁར་རབ་དཀྱིལ་འཁོར་སྒོ་རྫོགས། འབྲིང་ཆོས་འབྱུང་ཟླ་གམ་འཁོར་ལོ་རྩིབས་བཞི་རྡོར་ར་མེ་རི་ཙམ། མ་འགྲུབ་ན་འབྲུའི་ཚོམ་བུ་བཀོད་པའི་སྟེང་དུ་སྒྲུབ་གཏོར་འགོད། ལས་བྱང་གཞུང་བསྲང་བའི་དུས་མདུན་བསྐྱེད་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ཞལ་སྤྲོད་དུ་བསྒོམ། རང་ལྷར་གསལ་བའི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་སྐུའི་དབྱིབས་བརྒྱུད། ཤངས་བུག་གཡས་ནས་ཐོན། མདུན་གྱི་གཙོ་བོའི་ཤངས་བུག་གཡོན་དུ་ཞུགས། ཐུགས་ཀའི་ས་བོན་སྔགས་འཁོར་ལ་ཐིམ། ཐུགས་དམ་གྱི་རྒྱུད་བསྐུལ་སླར་ཡང་སྐུའི་དབྱིབས་བརྒྱུད། ཤངས་བུག་གཡས་ནས་ཐོན། རང་གི་ཤངས་བུག་གཡོན་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པའི་དོ་ལིའི་བསྙེན་པ་ལ་རྩེ་གཅིག་ཏུ་གཞོལ་བའི་ཡིག་འབྲུ་བཅོ་ལྔ་པ་ཁྲི་ཕྲག་གཅིག་བཟླ། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་ཟླ་བ་ལྟ་བུ་འཕྲོས། བདག་གཞན་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་མ་ཤར་བ་ལྟ་བུར་དག་པ། དེ་བཞིན་དུ་འོད་ཟེར་སེར་པོ་འཕྲོས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་སྤེལ་བ། དམར་པོས་མི་ནོར་ཟས་གསུམ་བསྡུ་བ། མཐིང་གས་གནོད་བྱེད་དགྲ་བགེགས་སྒྲོལ་བ་སྟེ་ལས་བཞིའི་དམིགས་པ་ལ་སོ་སོར་ཡིག་འབྲུ་བཅོ་བརྒྱད་པ་སྟོང་ཕྲག་རེ་བཟླ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་མགྲོན་ཐབས་ཀྱི་ལྷ་པདྨ་འབྱུང་གནས་ཀྱི་ཐུགས་བརྒྱུད་བསྐུལ། དེའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་རང་གི་གནས་གསུམ་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་བརྒྱ་སྟོང་ཅི་རིགས་ཀྱི་རྗེས་སུ་ཐོག་མར་རླུང་སྣ་བུག་གཡོན་ནས་རྒྱུ་བ་དང་བསྟུན་རྔུབ་པ་ཨོཾ། གནས་པ་ཨཱཿ འབྱིན་པ་ཧཱུྃ་གི་རྡོར་བཟླས་ཅི་རིགས་སུ་བྱེད། ཡང་ཐུགས་ཀ་ནས་འོད་འཕྲོས་པདྨ་སཾ་བྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ཟླ་སྟེང་གི་པཾ་ལས་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་བྱིན་རླབས་བསྡུས་ནས་གུ་རུ་ཉིད་ལ་ཐིམ། དེ་ལ་ཡིད་བྱུང་གིས་མཆོད་པས་གུ་རུའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་རང་གི་སྙིང་གར་ཐིམ་པས་སྡིག་སྒྲིབ་སྦྱངས། རང་ལུས་འོད་དུ་ཞུ་བ་པདྨ་སཾ་བྷ་དང་དབྱེར་མེད་དུ་གྱུར། དེའི་ངང་ནས་ཨོཾ་བཛྲ་གུ་རུ་པདྨ་སམྦྷ་སརྦ་སིདྡྷི་ཧཱུྃ། ཞེས་བརྒྱ་ཙམ་བཟླས་རྗེས་རང་ལོགས་སུ་བྱེ་སྟེ་སྔར་བཞིན་གྲོ་བོ་ལོད་དུ་གྱུར་པའི་སྤྱི་བོར་བླ་མ་བྱོན་པ་ལ་ཚིག་བདུན་གསོལ་འདེབས་ཀྱིས་གསོལ་བ་བཏབ་རྗེས་གུ་རུ་འོད་དུ་ཞུ། སྤྱི་བོ་ནས་ཐིམ་པས་རང་སེམས་དང་དབྱེར་མེད་དུ་འདྲེས་ལུས་ཐམས་ཅད་བདེ་བས་ཁྱབ་པའི་ངང་ནས་གོང་གི་སྔགས་མཇུག་ཏུ། རཏྣ་ཨཱ་ཡུཿཔུཎྱ་སརྦ་སིདྡྷི་ཧཱུྃ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཏགས་ནས་བཟླ། ཡང་རང་གི་ཐུགས་ཀ་ནས་འོད་འཕྲོས་བློ་ལྡན་མཆོག་སྲེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་པདྨ་འདབ་བཞིའི་ཧྲཱིཿདཀར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཆོས་ཀྱི་བདུད་རྩིའི་ཆར་ཆེན་པོ་བབས་ནས་རང་ལ་ཐིམ་པར་མོས་ཏེ་ཨོཾ་བཛྲ་གུ་རུ་ཛྙཱ་ན་པྲ་ཛྙཱ་སིདྡྷི་ཧཱུྃ་ཧྲཱིཿ ཞེས་བཟླ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། པདྨ་རྒྱལ་པོའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀའི་པད་སྟེང་ཧཱུྃ་དམར་པོ་ལས་འོད་ཟེར་འཕྲོས་སྐྱེ་འགྲོ་རྣམས་ལ་ཕོག་པ་ལྕགས་ཀྱུས་དྲངས་ནས། རང་གི་ཐུགས་ཀར་དབང་དུ་བསྡུས་པར་བསམ་ལ། ཨོཾ་བཛྲ་གུ་རུ་པདྨ་རཱ་ཛ་ཨ་ནྲྀ་ཨེ་པ་ཤམ་ཀུ་རུ་ཧཱུྃ་ཧཱུྃ༔ ཞེས་བཟླ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་ཉི་མ་འོད་ཟེར་གྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ཡི་གེ་ལྔ་བཅུའི་ཆར་ཕབ་སྐྱེ་འགྲོ་ཐམས་ཅད་ལ་ཕོག་པས་སྒྲིབ་པ་སྦྱངས་པས་དེ་ཐམས་ཅད་བདག་ལ་དད་ནས་རང་གི་མཐའ་སྐོར་དུ་འཁོད་པར་བསམ་ལ་ཨོཾ་བཛྲ་གུ་རུ་སཱུརྻ་སརྦ་དྷརྨཱ་སརྦ་སིདྡྷི་ཧཱུྃ་ཧྲཱིཿ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཏདྱ་ཐཱ། ག་ཏེ་ག་ཏེ། པ་ར་ག་ཏེ། པ་ར་སཾ་ག་ཏེ་བྷོ་དྷི་ཡེ་སྭཱ་ཧཱ༔ ཞེས་བཟླ། ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཤཱཀྱ་སེངྒེའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ཨཾ་ལས་འོད་ཟེར་འཕྲོས་པས་བདུད་བཞིའི་ཚོགས་རྣམས་བཏུལ་གདན་འོག་ཏུ་ཆོས་ཉན་པར་བསམ་ལ། ཨོཾ་བཛྲ་གུ་རུ་ཤཱཀྱ་སེངྷ་དྷརྨ་སརྦ་ཤ་ཏྲུཾ་ཧཱུྃ་ཕཊཿ ཅེས་བཟླ། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་སེངྒེ་སྒྲ་སྒྲོག་གི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་གསེར་གྱི་སྤུ་གྲི་སྟོང་སྤྲོས་ཏེ་མུ་སྟེགས་རྒོལ་བ་ངན་པའི་ལྕེའི་དབང་པོ་གཏུབས་མེ་འབར་ཞིང་ཐལ་བས་བཀག་པར་བསམ་ལ་ཨོཾ་བཛྲ་གུ་རུ་སིངྷ་གནྡྷེ་དྷརྨཱ་དྷཱ་ཏུ་ཧཱུྃཿ ཐ་ནི་ཧུར་ཐུམ་ཝཱ་ཀ་སྟམྦྷ་ཡ་ནན། ཞེས་བཟླ། ཡང་ཐུགས་ཀ་ནས་འོད་འཕྲོས་ལྷུན་གྱིས་གྲུབ་པའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན། ཚེ་ལ་དབང་བའི་རིག་འཛིན། རྣམ་པར་སྨིན་པའི་རིག་འཛིན་སོགས་རྒྱ་བོད་རིག་འཛིན་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་འཇའ་ཚོན་ལྟ་བུ་འཕྲོས་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊ༔ ཅེས་ཅི་ནུས་སུ་བཟླས་པའི་ཐུན་ཐམས་ཅད་ལ་ཚོགས་ཀྱིས་མཆོད་ཅིང་ལྷག་མ་བཙོན་དུ་བཟུང་། ལས་སྦྱོར་ནི་གཏོར་བཟློག་གཞུང་བཞིན་བྱ། ནངས་པར་དངོས་གྲུབ་ལེན་ཆོག་ཕུར་པ་ལྟ་བུ་གཞན་ནས་ཁ་བསྐང་སྟེ། མཆོད་བསྟོད་བཟོད་གསོལ། དཀྱིལ་འཁོར་བསྡུ་ཆོག །རྟེན་ལ་བརྟན་བཞུགས། བདག་བསྐྱེད་ཉེར་བསྡུ། བསྔོ་བ་སྨོན་ལམ་བཀྲ་ཤིས་བརྗོད། རྒྱལ་ཐོ་བཀྲོལ་ནས་མཚམས་ནང་མ་གྲོལ། ཁ་སྐོང་གི་ཞི་བའི་སྦྱིན་སྲེག་ལག་ལེན་གཞན་གྱི་དཀྱུས་སུ་སྙེགས་ཏེ་ལག་ཏུ་བསྟར་རོ། །སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །སྡེ་བརྒྱད་གཉེན་པོར་འཆོལ་བའི་ཁྲོ་རྒྱལ་ཆེའི། །བསྙེན་ཡིག་ཉིན་མོར་བྱེད་པའི་འོད་སྟོང་གིས། །ནག་པོ་བདུད་ཀྱི་སྨག་རུམ་མཐར་བྱེད་ཤོག །ཅེས་རྡོ་རྗེ་གྲོ་བོ་ལོད་ཀྱི་བསྙེན་ཡིག་རྟ་ལྗང་དབང་པོ་འདི་ནི་བྱིང་པ་བྱམས་པ་ནོར་བུ་བསྙེན་མཚམས་ཀྱི་ཚེ་དོན་གཉེར་ཆེན་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡྷེས་སྦྱར་བའི་ཡི་གེ་པ་དཔལ་གྲོང་སྔགས་རམ་པ་ངག་དབང་དགེ་ལེགས་སོ། །སརྦ་མངྒ་ལཾ།། །།

རྩོམ་སྒྲིག་པ། གསང་སྔགས་ཐེག་མཆོག་རྡོ་རྗེ།

47.2K