༄༅། །དགེ་མ་དཔལ་སྒྲོན་ལ་གདམས་པ་བཞུགས་སོ། །

༧འཇིགས་མེད་རྡོ་རྗེ་དཔའ་བོའི་ཞབས།

༄༅། །དུས་གསུམ་སྲས་བཅས་རྒྱལ་བ་མ་ལུས་པའི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གཅིག་བསྡུས་པ། །དཔལ་མགོན་དྲིན་ཅན་རྩ་བའི་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱིའོ། །འོ། དལ་འབྱོར་གྱི་མི་ལུས་འདི་ཡང་ཡང་རྙེད་དཀའ་བས་སྙིང་པོ་དམ་པའི་ཆོས་ཀྱིས་ཨེ་ལོན་ལྟོས། འདི་བ་ནམ་འོང་མི་ཤེས་པས་འཆི་ཁར་ཕན་པའི་ཆོས་རེ་མྱུར་དུ་སྒྲུབས། ལས་རྒྱུ་འབྲས་འདི་ཕྲ་ཞིང་མི་བསླུ་བས་དགེ་སྡིག་གི་སྤང་བླང་ལ་བརྩོན། འཁོར་བ་འདི་མཐོ་དམན་གང་དུ་སྐྱེས་ཀྱང་བདེ་བའི་གོ་སྐབས་མེད་པས་སྐྱོ་ཤས་དང་ངེས་འབྱུང་བསྐྱེད། ཐར་པའི་བྱང་ཆུབ་སྒྲུབ་ན་ལམ་དང་འབྲས་བུའི་ཡོན་ཏན་བརྗོད་ལས་འདས་པས་ཕན་ཡོན་ལ་བྲོད་པ་བསྐྱེད། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་བླ་མ་དགེ་བའི་བཤེས་གཉེན་ཡིན་པས་བསམ་དང་སྦྱོར་བས་ཚུལ་བཞིན་དུ་བསྟེན། ཐར་པའི་ལམ་གྱི་འཇུག་སྒོ་སྡོམ་པ་ཐམས་ཅད་ཀྱི་རྟེན་གཞི་དཀོན་མཆོག་རིན་པོ་ཆེ་རྣམ་གསུམ་ཡིན་པས། ཡིད་ཁྱེད་ཤེས་ཀྱི་དད་པས་སྐྱབས་སུ་སོང་། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་འཁོར་བ་ཐོག་མེད་ནས་ད་ལྟའི་བར་དུ་ཡང་ཡང་དྲིན་གྱིས་བསྐྱངས་པའི་དྲིན་ཅན་ཡིན་པས། བདེ་བ་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ། བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ། ཆགས་སྡང་ཞི་འདོད་ཀྱི་བཏང་སྙོམས་བཞིས་བློ་ལས་སུ་རུང་བའི་ཐབས་ལ་སྒོ་དུ་མ་ནས་བརྩོན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་གནས་ལ་རང་གི་བློའི་ནུས་པ་དང་འཚམས་པར་ཉམས་སུ་ལོངས། སྔར་བྱས་ཀྱི་ཉེས་ལྟུང་ཐམས་ཅད་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་སྡོམ་རེམས། ཚོགས་གཉིས་མ་རྫོགས་པར་སངས་རྒྱས་ཐོབ་ཐབས་མེད་པས་ཚོགས་ཆུང་ངུའང་འབད་པ་ཆེན་པོས་སྒྲུབས། བྱིན་རླབས་བཙན་ཐབས་སུ་འཕོ་བའི་གནད་བླ་མའི་རྣལ་འབྱོར་ཡིན་པས་རྒྱུན་གྱི་ཉམས་ལེན་གྱི་གཙོ་བོར་ཟུངས། གསང་སྔགས་དབང་ལ་མ་བརྟེན་པར་འགྲུབ་པར་མི་འགྱུར་བས་རྟག་ཏུ་ལམ་དབང་བླང་། དག་པའི་ཞིང་དུ་རྟགས་མཚམས་སྦྱོར་བའི་གནད་འཕོ་བའི་གདམས་ངག་ཡིན་པས་ཡང་ཡང་གོམས་འདྲིས་བྱ། མདོར་ན་སྔོན་སོང་ཕྱིར་འོང་མེད་པའི་བག་ཆགས་ངན་པའི་རྗེས་དཔྱོད་པ། མ་འོངས་ཐོག་ཁེལ་མི་འབྱུང་བའི་རེ་དོགས་སོ་ཚིས་ཀྱི་མདུན་བསུ་བ། ད་ལྟ་ཡུལ་དྲུག་རྐྱེན་དབང་དུ་སོང་ནས་འཁྲུལ་རྟོག་རང་གར་ཤོར་བ་སྟེ། རང་རྒྱུད་ཆོས་ལས་རིང་བའི་སྐྱོན་འདི་གསུམ་སྤངས་པ་གལ་ཆེ། བླང་དོར་གྱི་གནས་མི་བརྗེ་བའི་དྲན་པ། སྒོ་གསུམ་སྐྱོན་ཡོན་རྟོགས་པའི་ཤེས་བཞིན། ལུས་ངག་ཡིད་གསུམ་ཆོས་བཞིན་གཟོབ་པ་ལྷུར་ལེན་པ་བག་ཡོད་དེ། འདི་གསུམ་རྟག་ཏུ་རང་རྒྱུད་དང་འགྲོགས་དགོས་པས་རྣམ་པ་ཀུན་ཏུ་མ་བརྗེད། ངེས་འབྱུང་གི་བསམ་པས་གཞན་གནོད་གཞི་བཅས་ལས་ལྡོག་སྟེ་ཚེ་འདི་བློས་ཐོངས་ན་ཐེག་པ་ཆུང་ངུའི་ལམ་གནད་ཐམས་ཅད་དེ་ལ་འདུ། རང་དོན་ཡིད་བྱེད་ཀྱི་བློ་ལ་སྐྱོན་དུ་བལྟས་ནས་འགྲོ་རྣམས་འཕྲལ་ཕུགས་ཕན་བདེ་ལ་སྦྱོར་བའི་ཁུར་རང་གིས་བླངས་ན་ཐེག་པ་ཆེན་པོའི་ལམ་གནད་མཐའ་དག་དེར་འདུ། ཐ་མལ་སྣང་ཞེན་གྱི་བློ་ངན་དུག་ལྟར་སྤང་ནས་སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་སྐུའི་རྣམ་རོལ་དུ་ཤར་ན་བླ་མེད་གསང་སྔགས་ཀྱི་ལམ་གནད་ཀྱང་དེ་ལ་འདུ། རང་ངོ་རང་ཤེས་ཀྱི་ངང་ནས་གང་ཤར་རིག་པའི་གསལ་འདེབས་སུ་སོང་ན་མན་ངག་རྫོགས་པ་ཆེན་པོའི་ལམ་གྱི་གནད་ཡང་དེར་འདུ་བས་མ་བརྗེད། ཚིག་འདི་དཔེ་ལ་མ་བཞག་པར་དོན་རྒྱུད་སྟེང་དུ་སྦྱོར། རྟག་ཏུ་རང་སེམས་ལ་ལྟོས། གདམས་ངག་གི་གནད་ཐམས་ཅད་དེར་འདུ།

ཞེས་པ་འདི་ཡང་དགེ་མ་དཔལ་སྒྲོན་གྱིས་ལྷ་རྫས་བཅས་བསྐུལ་ངོར། ཀུན་མཁྱེན་ཡབ་སྲས་བརྒྱུད་པར་མི་ཕྱེད་པའི་དད་པ་ཐོབ་པའི་དུས་མཐའི་སྔགས་གཟུགས་འཆང་བ་པདྨ་འོད་གསལ་རྡོ་རྗེ་རྩལ་ལམ་མིང་གཞན་འཇིགས་མེད་རྡོ་རྗེ་དཔའ་བོས་བྲིས་པས་དེ་དོན་བདེ་ལེགས་སུ་རྟོགས་པའི་རྒྱུར་གྱུར་ཅིག། །དགེའོ། །དགེའོ། །དགེའོ། །

47.2K