༄༅། །ཐུན་དྲུག་ཏུ་སྡོམ་པ་གསུམ་གྱི་བསླབ་བྱ་སྐྱོང་ཚུལ་གྱི་ཡི་གེ་བཞུགས་སོ། །

༄༅། །ན་མོ་གུ་རུ་སརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ མི་འགྱུར་བྱང་སེམས་རྩ་བ་བརྟན། །བླ་མེད་ཚོགས་གཉིས་ཡལ་འདབ་རྒྱས། །སྐུ་བཞི་རྡོ་རྗེའི་འབྲས་བུས་དུད། །བླ་མ་དཔག་བསམ་ལྗོན་པ་རྒྱལ། །རྣམ་དག་ལེགས་ལམ་སྡོམ་གསུམ་ལ། །ནན་ཏན་སྙིང་པོར་བསླབ་འདོད་པའི། །སྐལ་བཟང་དང་པོའི་ལས་ཅན་ཆེད། །ཐུན་དྲུག་ཉམས་ལེན་ཆོ་ག་བཤད། །འདིར་རང་གཞན་གྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་ཆོས་ནི། སྤང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སྡོམ་པ་གསུམ་གྱི་བསླབ་པ་ལ་ནན་ཏན་སྙིང་པོར་བྱེད་པ་ཉིད་ཡིན་ལ། དེའི་ཕྱིར་སྐལ་ལྡན་ལས་དང་པོ་པ་རྣམས་ཀྱིས་ཉམས་སུ་བླང་བྱའི་གྲངས་དང་རིམ་པ་ནི་འདི་ཡིན་ཏེ། རྙེད་དཀའ་དལ་འབྱོར་ལ་མི་རྟག་པའི་དྲན་ཤེས་དང་། འཁོར་བའི་སྡུག་བསྔལ་བཟོད་གླགས་མེད་པར་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ནས། གནས་ཁང་དག་པའི་ཞིང་དུ་མོས་ཏེ། མདུན་གྱི་ནམ་མཁར་སྐྱབས་ཡུལ་གསལ་བཏབ་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན། ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཞེས་སོགས་ཀྱིས་ཞེ་ཐག་པ་ནས་སྐྱབས་འགྲོ་བྱ་སྟེ། འདི་ནི་སྐྱབས་འགྲོའི་བསླབ་བྱ་ཕན་ཡོན་དྲན་པས་ཉིན་མཚན་དུས་དྲུག་ཏུ་སྐྱབས་འགྲོ་བྱ་བར་བཤད་པ་དང་། རིགས་ལྔ་སོ་སོའི་དམ་ཚིག་ལས། དེ་བཞིན་རིགས་རྣམ་སྣང་གི་དམ་ཚིག་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་གསུངས་པ་དེ་སྐྱོང་བའི་ཐབས་ཡིན་ནོ། །དེ་ནས་འགྲོ་དྲུག་དྲིན་ཅན་གྱི་མར་ཤེས་པའི་བྱམས་པ་དང་། དེ་རྣམས་སྡུག་བསྔལ་གྱིས་ཉམ་ཐག་པ་ལ་ཚུགས་ཐབས་མེད་པའི་སྙིང་རྗེས་ཡིད་དྲངས་ཏེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་འགོད་པར་བྱ་སྙམ་དུ་ཚད་མེད་བཞི་བསྒོམ་པར་བྱ་སྟེ། འདི་ནི་རིན་པོ་ཆེའི་རིགས་ལ་སྦྱིན་པ་རྣམ་བཞི་སྟེར་བར་ཁས་བླངས་པའི་ནང་གི་བྱམས་པའི་སྦྱིན་པ་དང་། བཏང་སྙོམས་ཚད་མེད་པས་མི་འཇིགས་པའི་སྦྱིན་པ་གཏོང་བའི་དམ་ཚིག་སྐྱོང་བ་དང་། བླ་ན་མེད་པའི་ཁྱད་པར་གྱི་དམ་ཚིག་ཉི་ཤུ་རྩ་བརྒྱད་ལས་རྩ་བའི་དམ་ཚིག་གསུམ་གྱི་སྐུའི་དམ་ཚིག་གི་ནང་ཚན་སྤྱི་རིང་ཉེ་འདྲེས་ཀྱི་མཆེད་བཞི་ལ་བྱམས་པར་བྱ་བ་དང་། རྩ་ལྟུང་བཅུ་བཞི་ལས། གསུམ་པ་རྡོ་རྗེའི་སྤུན་ལ་ཁྲོས་པ། བཞི་པ་སེམས་ཅན་ལ་བྱམས་པ་སྤོང་བ། བཅུ་པ་ཐ་མལ་གྱི་བྱམས་པས་འདུལ་ནུས་ནའང་ཡལ་བར་དོར་བ། བཅུ་གཉིས་པ་དད་པ་ཅན་གྱི་སེམས་སུན་འབྱིན་པ། བཅུ་བཞི་པ་བུད་མེད་ལ་སྨོད་པ་དང་ལྔ་པོ་སྤོང་བ་རྣམས་ཀྱི་སྲུང་ཐབས་དང་། སེམས་བསྐྱེད་ཀྱི་སྔོན་འགྲོར་ཚད་མེད་ལ་བློ་སྦྱོང་བའང་ཡིན་ནོ། །དེ་ནས་མཐའ་ཡས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་པའི་སེམས་བདག་གིས་རྫོགས་བྱང་མ་ཐོབ་ཀྱི་བར་དེ་སྲིད་དུ་མི་གཏང་བར་བྱའོ་སྙམ་དུ་དམ་འཆའ་བ་ནི་སྨོན་པའི་སེམས་བསྐྱེད་མི་འཆོར་བའི་ཐབས་དང་། བྱང་སེམས་དབང་བརྟུལ་རྣམས་ལ་རྩ་ལྟུང་གཅིག་ཏུ་བསྟན་པའི་སྨོན་འཇུག་ཐུན་མོང་གི་བསླབ་བྱ་དེ་སྐྱོང་བའི་ཐབས་སོ། །དེ་ནས་དུས་དྲུག་ཏུ་རེ་རེའི་ཆ་ལས་ཡན་ལག་ཅུང་ཟད་ཉམས་པ་རྣམས་གསོ་ཞིང་མ་ཉམས་ཀྱང་སྤེལ་བའི་ཆེད་དུ། གཞན་དོན་དུ་རྫོགས་བྱང་ཐོབ་འདོད་དང་། དེའི་ཐབས་བྱང་སེམས་ཀྱི་སྤྱོད་པ་མཐའ་དག་སློབ་པར་འདོད་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མངོན་སུམ་པ་ལྟ་བུར་དམིགས་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས་སོགས་སྨོན་འཇུག་སེམས་བསྐྱེད་སྟབས་གཅིག་ཏུ་བླངས་ཏེ། འདི་ནི་རྣམ་སྣང་གི་དམ་ཚིག་ཏུ་སྨོན་འཇུག་གི་སེམས་བསྐྱེད་ནས་ཚུལ་ཁྲིམས་གསུམ་འཛིན་པར་གསུངས་པ་དང་། རྩ་ལྟུང་བཅུ་བཞི་ལས། ལྔ་པ་བྱང་ཆུབ་ཀྱི་སེམས་སྤོང་བ་བསྲུང་བའི་བསླབ་བྱ་སྐྱོང་ཐབས་སོ། །མཇུག་ཏུ་དེང་དུས་བདག་ཚེ་སོགས་དགའ་བ་བསྒོམ་པའི་དོན་ཡིད་ལ་དྲན་བཞིན་པར་བརྗོད་པས་ཉིན་མཚན་དུས་དྲུག་ཏུ་སེམས་བསྐྱེད་ཀྱི་ཕན་ཡོན་བསམ་པར་གསུངས་པའི་བསླབ་བྱ་སྐྱོང་ཐབས་སོ། །དེ་ནས། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །དུས་འདི་ནས་ནི་གཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་སོ་སོར་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་པ་རྣམས་བསྒྲལ་བ་དང། །མ་གྲོལ་པ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་རིགས་ལྔའི་སྡོམ་གཟུང་ཆོ་གའམ་ཡང་ན། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང་། །སྡོམ་པ་རྒྱ་མཚོ་མཐའ་ཡས་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །ཞེས་པས་སྔར་དབང་དུས་སུ་ནོས་པའི་སྡོམ་པ་གཟུང་བ་སྟེ། ཉིན་མཚན་གྱི་ཐུན་རེ་རེའི་ཆ་ལ་ཡན་ལག་ཅུང་ཟད་ཉམས་པ་རྣམས་གསོ་ཞིང་མ་ཉམས་ཀྱང་གོང་དུ་སྤེལ་བའི་ཐབས་སོ། །དེ་ནས་རང་ཉིད་གཉུག་མའི་ལྷ་ཡི་དམ་གང་རུང་ཝལ་གྱིས་བསྒོམས་པའི་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་གདན་མཐོ་ཞིང་ཡངས་པའི་སྟེང་དུ། རྩ་བའི་བླ་མ་དང་གཉིས་སུ་མེད་པའི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་གསང་འདུས་རྡོ་རྗེ་སེམས་དཔའ་མཐིང་གའི་རྣམ་པ་ཅན་རྩ་གསུམ་ཀུན་འདུས་ངོ་བོར་བཞུགས་པར་མོས་ལ། རང་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་པའི་ངང་ནས། མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ཅེས་ཤོ་ལོ་ཀ་གཅིག་གིས་ཕྱག་དང་། སྣོད་བཅུད་ཀྱི་འཇིག་རྟེན་བདག་གཞན་གྱི་ལུས་དང་ལོངས་སྤྱོད་དུས་གསུམ་དགེ་རྩ་དང་བཅས་པ་མཆོད་སྤྲིན་མཐའ་ཡས་པར་སྤྲོས་ཏེ། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །ཀུན་བཟང་མཆོད་སྤྲིན་ཆེར་སྤེལ་ནས། །བླ་མ་རྒྱལ་བ་སྲས་བཅས་མཆོད། །ཅེས་འབུལ་ཏེ། འདིས་ནི་ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། མཆོད་པའི་ལས་ཀྱང་ཅི་ནུས་སུ་བསྒྲུབ་པར་ཁས་བླངས་པའི་དམ་ཚིག་སྐྱོང་བ་མཆོག་ཡིན་ནོ། །དེ་ནས་བླ་མའི་སྐྱོན་དང་ཡོན་ཏན་ལ་རྟོག་པའི་ཉེས་དམིགས་དང་ཕན་ཡོན་ཤེས་པས། ཕྱིན་ཆད་བླ་མའི་སྐྱོན་ཅུང་ཟད་ཀྱང་རྟོག་པར་མི་བྱའོ་སྙམ་པའི་སྡོམ་སེམས་དྲག་པོ་དང་། ཅི་མཛད་འགྲོ་བ་འདུལ་བའི་ཕྲིན་ལས་དང་། ཅི་གསུང་ཚད་མར་འཛིན་པའི་དག་སྣང་སོགས་ཡོན་ཏན་དྲན་པའི་དད་པ་དྲག་པོས། བ་སྤུ་གཡོ་ཞིང་མཆི་མ་འཁྲུགས་པའི་མོས་གུས་ཀྱིས། ཚིག་བདུན་གསོལ་འདེབས། བླ་མ་སྐུ་གསུམ་མ། དུས་གསུམ་སངས་རྒྱས་ལ་སོགས་གསོལ་འདེབས་ཀྱི་རིམ་པ་ཁ་ཏོན་དུ་བྱ་ཞིང་། བཛྲ་གུ་རུའི་ཛཔྲ་ཀྱང་བཟླས་ནས་ཏིང་ངེ་འཛིན་གྱིས་དབང་བཞི་ཡང་བླངས་ཏེ། མཐར་བླ་མ་རང་གི་སྤྱི་བོའི་སྟེང་གི་ནམ་མཁར་སྤྱན་དྲངས་པ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་ཐིམ་པས་བླ་མ་དང་རང་སེམས་དབྱེར་མེད་ཀྱི་ངང་ལ་མཉམ་པར་འཇོག །མཚན་མོ་ཉལ་དུས་ཀྱང་བླ་མ་སྤྱི་བོ་ནས་བྱོན་པས་སྙིང་ནང་དུ་སྐུ་ཕྲ་ཞིང་འབར་བ་ལ་སེམས་བཟུང་སྟེ་ཉལ་བས་འཁྲུལ་པའི་རྨི་ལམ་འོད་གསལ་དུ་འཆར་བའི་དགོས་པ་ཡོད་དོ། །འདིས་ནི་ཐུན་དྲུག་ཏུ་བླ་མའི་རྣལ་འབྱོར་བསྒོམ་པར་གསུངས་པ་དང་། དབང་བླང་བ་དང་། སྔར་རྒྱུ་དུས་སུ་ཐོབ་པའི་དབང་གི་ཆུ་བོ་མི་ནུབ་པར་གོམས་པར་བྱེད་པའི་ཐབས་ལམ་དུས་ཀྱི་དབང་སྐྱོང་བའང་ཡིན་ལ། རིགས་ལྔའི་དམ་ཚིག་ལས། སློབ་དཔོན་དག་ཀྱང་གཟུང་བར་བགྱི། །ཞེས་པའི་དམ་ཚིག་སྐྱོང་ཐབས་ཀྱང་ཡིན་ཞིང། དེར་མ་ཟད་དམ་ཚིག་ཉེར་བརྒྱད་ལས་སྐུའི་དམ་ཚིག་གི་ནང་ཚན། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་སྟོན་སློབ་དཔོན་དྲུག །ཅེས་པའི་སློབ་དཔོན་བཀུར་བའི་དམ་ཚིག་དང་། རྩ་ལྟུང་བཅུ་བཞི་ལས། དང་པོ་བླ་མ་བརྙས་པ་སྤོང་བ་དང་། ཅི་གསུང་ཚད་འཛིན་གྱི་ཐབས་ཀྱིས་གཉིས་པ་བདེ་གཤེགས་བཀའ་འདས་སྤོང་བ། དེའི་རིགས་སུ་འདུས་པ་དྲུག་པ་རང་གཞན་གྱི་གྲུབ་མཐའ་ལ་སྨོད་པ་སྤོང་བ་རྣམས་ཀྱི་བསླབ་བྱ་སྲུང་ཚུལ་ཡང་ཡིན་ནོ། །དེ་ནས་གཟུང་འཛིན་དང་བྲལ་བའི་རྣམ་པར་མི་རྟོག་པ་བློ་བྲལ་གྱི་ཡེ་ཤེས་རང་གསལ་རྗེན་པར་མཐོང་བའི་རྣལ་འབྱོར་རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཉིད་ཀྱི་ངང་ལ་དར་ཅིག་མཉམ་པར་བཞག་པར་བྱ་སྟེ། འདིས་ནི་དམ་ཚིག་ཉེར་བརྒྱད་ལས། རྩ་བའི་ཐུགས་ཀྱི་དམ་ཚིག་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཟུང་འཇུག་གི་ཡེ་ཤེས་རྟོགས་གོམས་ཀྱིས་སྦྱོང་བ་དང་། ཡན་ལག་ཤེས་པར་བྱ་བ་ལྔ་དང་། བསྒྲུབ་པར་བྱ་བ་ལྔ། རྩ་ལྟུང་བཅུ་བཞི་ལས། དགུ་པ་རང་བཞིན་དག་པའི་ཆོས་ལ་སོམ་ཉི་ཟ་བ། བཅུ་གཅིག་པ་མིང་སོགས་བྲལ་བའི་ཆོས་ལ་དེར་རྟོག་པ། བརྒྱད་པ་ཕུང་པོ་སངས་རྒྱས་ལྔའི་བདག་ཉིད་ལ་བརྙས་པའི་ལྟུང་བ་རྣམས་ཀྱིས་མི་གོས་པའི་ཐབས་སོ། །དེ་ནས་ཡི་དམ་གྱི་ལྷ་གང་ཡང་རུང་བའི་བསྐྱེད་རིམ་གྱི་རྣལ་འབྱོར་བསྒོམ་ཞིང་བཟླས་པ་ཅི་རིགས་བྱ་སྟེ། འདི་ནི་རིགས་ལྔའི་དམ་ཚིག་ལས། རྡོ་རྗེའི་རིགས་ལ་རྡོར་དྲིལ་ཕྱག་རྒྱའི་དམ་ཚིག་གསུམ་འཛིན་པར་བཤད་པ་དང་། འདི་དང་གོང་མ་གཉིས་ཀྱི་དམ་ཚིག་ཉེར་བརྒྱད་ལས། རྩ་བའི་གསུང་གི་དམ་ཚིག་སྔགས་རྒྱ་རྒྱུན་མི་གཅད་པ་དང་། དེ་དག་གི་རྗེས་སྤྱོད་དང་འབྲེལ་བར་གསང་བའི་དོན་ཕྱིར་མི་སྨྲ་བ། ཡན་ལག་སྤྱད་པར་བྱ་བ་ལྔ། དང་དུ་བླང་བ་ལྔ་རྣམས་དང་། རྩ་ལྟུང་བཅུ་བཞི་ལས། བདུན་པ་གསང་སྒྲོག །བཅུ་གསུམ་པ་དམ་ཚིག་གི་རྫས་མི་བརྟེན་པ་གཉིས་སྤོང་ཚུལ་རྣམས་ཀྱི་སྐྱོང་ཐབས་སོ། །མཉམ་གཞག་དེ་ལས་ལངས་རྗེས། དང་པོ་འདུལ་བའི་གཞིས་བསྡུས་ཀྱི་བསླབ་བྱ་རགས་པ་དང་། ལྟུང་བ་འབྱུང་ཉེ་རྣམས་དང་། རྣམ་འབྱེད་ཀྱི་སྡོམ་གྱིས་བསྡུས་པའི་ལྟུང་བ་རྣམས། ཐ་ན་སྡོམ་ཚིག་ཙམ་ལ་བརྟེན་པ་དང་། བྱང་སེམས་ཀྱི་ཚུལ་ཁྲིམས་གསུམ་གྱི་བསླབ་བྱ་རྣམས་དང་། སྔགས་ཀྱི་སྡོམ་པ་བསྒྲག་གཟུང་ནས་འབྱུང་བའི་རིགས་ལྔའི་སྡོམ་པ་དང་། རྩ་བ་དང་ཡན་ལག་གི་ཉེས་ལྟུང་སོགས་ཏེ། མདོར་ན་སྡོམ་པ་གསུམ་སོ་སོའི་ཉེས་ལྟུང་རྣམས་རྐང་གྲངས་ཙམ་ཡིད་ལ་དྲན་པའི་སྒོ་ནས་ངོ་བགྲང་གིས་རང་རྒྱུད་ལ་གོས་སམ་མ་གོས་བརྟག་དཔྱད་ལེགས་པར་བྱས་ལ་མ་གོས་པར་འདུག་ན་དགའ་བ་བསྒོམ། གོས་འདུག་ན་གནོང་འགྱོད་ཀྱི་སེམས་དྲགས་པོས་མྱུར་དུ་ཕྱིར་འཆོས་པའི་འདུན་པ་དང་། སྔར་གོས་མ་གོས་གང་ལྟར་ཡང་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་གོས་པར་བྱའོ་སྙམ་དུ་སྡོམ་སེམས་དྲགས་པོ་བསྒོམ་པར་བྱའོ། །རྡོ་རྗེ་རྩེ་མོའི་རྒྱུད་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ཡང་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པས། ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཞེས་སྔགས་ཀྱི་དམ་ཚིག་བསྲུང་མཚམས་རྣམས་ཡིད་ལ་བཞག་སྟེ་ཐུན་དྲུག་ཏུ་བསྔོ་བགྲང་བྱ་བར་གསུངས་པ་ལྟར། སོ་བྱང་གཉིས་ལའང་འགྲུབ་ན། སྲུང་བའི་གནད་མཆོག་ཏུ་གྱུར་པ་ཡིན་ནོ། །སྤྱིར་ཉེས་ལྟུང་འབྱུང་བའི་རྒྱུའང་སྡོམ་པའི་རྒྱུད་ལས། མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་དང་། །བརྗེད་ངས་དྲན་པ་མི་གསལ་བ། །འདི་དྲུག་དམ་ཚིག་ཉམས་པའི་རྒྱུ། །ཞེས་རྒྱུ་དྲུག་གསུངས་པ་ལས། དེ་དག་གི་གཉེན་པོ་བསྟེན་ཚུལ་ཡང་། མི་ཤེས་པའི་གཉེན་པོར་བླང་དོར་གྱི་མཚམས་ཤེས་པའི་བསླབ་བྱ་ལ་སློབ་པ་དང་། མ་གུས་པའི་གཉེན་པོར་ཕན་ཡོན་ལ་བྲོད་པ་དང་བཅས་ཏེ་བསྲུང་བ་དང་། བག་མེད་ཀྱི་གཉེན་པོར་རྣམ་སྨིན་ལ་འཇིགས་པས་བསྒྲིམ་སྟེ་བསྲུང་བ་དང་། ཉོན་མོངས་པ་མང་བ་ལ། ཉོན་མོངས་པ་གང་སྐྱེས་ལ་གཉེན་པོ་བསྐྱེད་ནས་བསྲུང་བ་དང་། བརྗེད་ངས་ཀྱི་གཉེན་པོར་གནང་བཀག་གི་མཚམས་རྣམས་ཉིན་མཚན་དུས་དྲུག་ཏུ་དྲན་པར་བྱས་ཏེ་བཤགས་སྡོམ་བྱེད་པ་དང་། དྲན་པ་མི་གསལ་བའི་གཉེན་པོར་ཤེས་བཞིན་གྱི་བྱ་ར་འཛུགས་པའི་སྒོ་ནས་བསྲུང་ཞིང་། དེ་ཡང་ཉེས་ལྟུང་སྟོབས་ལྡན་རེ་རེ་ཙམ་ལ་སྤྱད་ན་དེའི་གཉེན་པོར་བཤགས་སྡོམ་ལ་འབད་དུ་ཟིན་ཀྱང་རྒྱུད་ཉེས་པས་ཐར་པ་ཐོབ་པ་ལ་ཡུན་རིང་འགྱངས་ཤིང་ཐོགས་པར་བྱེད་དེ། སྤྱོད་འཇུག་ལས། དེ་ལྟར་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་དག །འཁོར་བར་རེས་ཀྱིས་འདྲེ་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་ཐོགས། །ཞེས་གསུངས་པས་བསླབ་བྱ་ཕྲ་ཞིབ་ནས་མིག་གི་འབྲས་བུ་ལྟར་གཅེས་སྤྲས་ཀྱིས་བསྲུང་བ་ལ་འབད་ཅིང་། རང་ཉིད་བསླབ་བྱའི་གནས་ལ་བརྩོན་པར་མ་ཟད། གཞན་རྗེས་སུ་འཛིན་པའི་ཡན་ལག་ཏུ་དམ་པའི་ཆོས་མ་ལུས་པ་བཤད་སྒྲུབ་ཀྱི་སྒོ་ནས་གཟུང་བར་བྱའོ་སྙམ་དུ་དམ་འཆའ་བ་སྟེ། འདི་ནི་རིགས་ལྔ་ལས་པད་རིགས་ཀྱི་དམ་ཚིག་སྐྱོང་ཐབས་ཀྱང་ཡིན་ལ། ཆོས་སྤོང་གི་ལས་སྒྲིབ་ཀྱང་སྲབ་པར་འགྱུར་ཞིང་དགེ་བའི་ཆོས་མང་པོའང་སྡུད་པ་ཡིན་ནོ། །དེ་ལྟར་བསྒྲུབས་པས་མཚོན་ཏེ་བདག་གི་ལུས་ལོངས་སྤྱོད་དུས་གསུམ་བསགས་ཡོད་ཀྱི་དགེ་ཚོགས་རྣམས་སེམས་ཅན་ཐམས་ཅད་ལ་ལྟོས་མེད་དུ་བཏང་ལ་བསྔོ་བར་བྱ་སྟེ། དེ་ལྟར་དེ་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་གང་བསགས་པ། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །བདག་གི་ལུས་དང་ལོངས་སྤྱོད་དང། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཕོངས་པ་མེད་པར་གཏང་བར་བྱ། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ཀྱང་ཉེར་འཚོའི་གཞིར་ཡང་ཤོག །ཅེས་པ་ལ་སོགས་ཇི་ལྟར་རིགས་པའི་བསྔོ་སྨོན་གྱི་དོན་ཡིད་ལ་བསམ་ཞིང་བརྗོད་པར་བྱ་སྟེ། རིམ་ལྔ་ལས། རིན་ཆེན་རིགས་ལ་སྦྱིན་པ་རྣམ་བཞི་སྟེར། །གསུངས་པའི་ནང་ནས། བྱམས་པ་དང་མི་འཇིགས་པའི་སྦྱིན་པ་གཉིས་སྔར་སོང་བས། འདིར་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་གཉིས་སྟེར་བའི་དམ་ཚིག་སྐྱོང་བའི་ཐབས་སུ་འགྱུར་ཞིང་། ལྷག་བསམ་སྦྱོང་བ་དང་། ཐེག་ཆེན་གྱི་བསྔོ་བའང་ཡིན་ནོ། །གཞན་ཡང་ཐུན་དྲུག་པོ་རེ་རེའི་མགོར་ཕུང་པོ་གསུམ་པའི་མདོ་ཚར་རེ་ཁ་ཏོན་དུ་བྱས་ན། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བསྟེན་ནས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་གསུངས་པའི་ཉམས་ལེན་དུའང་འགྱུར་རོ། །དེ་ལྟར་སྐྱབས་འགྲོ་ནས་བསྔོ་བའི་བར་འདི་ནི་ཉིན་ཞག་ཕྲུགས་གཅིག་ལ་ཉིན་ཆ་གསུམ་མཚན་ཆ་གསུམ་སྟེ། ཐུན་དྲུག་ཏུ་བཅད་ནས་ཉམས་སུ་བླངས་པས་སྡོམ་པ་གསུམ་གྱི་བསླབ་བྱ་རྣམས་ཉིན་རེ་བཞིན་ལན་དྲུག་ཏུ་བཟླ་བར་གསུངས་པའི་ལག་ལེན་རྒྱུད་ཐོག་ཏུ་ཁེལ་བར་འགྱུར་བ་ཡིན་ནོ། །ཞེས་པ་འདིའང་རྣལ་འབྱོར་པ་བློ་གྲོས་ཀྱི་མཐུ་མངའ་བའི་སྡོམ་བརྩོན་རིག་པ་འཛིན་པ་པདྨ་དབང་འདུས་ཀྱི་ཞལ་ངོར། ༧རྗེ་གཏེར་ཆེན་བླ་མའི་བཀའ་དྲིན་གྱིས་འཚོ་བ་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་བཅུའི་ཉིན། སྟན་ཐོག་གཅིག་ཏུ་སྤེལ་བའི་ཡི་གེ་པ་ནི་འགྱུར་མེད་ཚུལ་ཁྲིམས་སོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེ་རྒྱུན་མི་འཆད་པ་འབྱུང་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

 

47.2K